སེམས་དཔའ་གང་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ལ་གདམས་ཤིང་བསྟན་པར་བགྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་གང་ཞིག་བརྟགས་པར་བསྟན་པར་བགྱི། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཚན་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས། དགེ་འདུན་གྱི་མྱིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས། བྱང་ཆུབ་སེམས་དཔའི་མྱིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ། །​བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་སྟེ། བཅོམ་ལྡན་འདས་དེ་ལྟར་བདག་གིས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་འཕེལ་བ་དང་འགྲིབ་པ་མ་དམྱིགས་ཡང་དག་པར་རྗེས་སུ་མ་མཐོང་ན། བྱང་ཆུབ་སེམས་དཔའ་ཞེས་གང་ལ་མྱིང་དུ་གདགས་པར་བགྱི། བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་མྱིང་དེ་ཡང་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་ཏེ། དེ་ཅིའི་སླད་དུ་ཞེ་ན། མྱིང་དེ་མ་མཆིས་པས་དེ་ལྟར་ན་མིང་དེ་གནས་པ་མ་མཆིས་ཐུག་པ་མ་མཆིས་བྱིན་གྱིས་བརླབས་པ་མ་མཆིས་སོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་གསུམ་པ། བཅོམ་ལྡན་འདས་གང་ཡང་འདི་ལྟར་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་ཞེས་ཆོས་ཀྱི་བརྡར་བགྱི་བ་དང་། ཆོས་སུ་གདགས་པ་དེ་ཡང་གཟུགས་སམ། ཚོར་བ་འམ། འདུ་ཤེས་སམ། འདུ་བྱེད་དམ། རྣམ་པར་ཤེས་པ་འམ། མྱིག་གམ། རྣ་བ་འམ། སྣ་འམ། ལྕེ་འམ། ལུས་སམ། ཡིད་དམ། གཟུགས་སམ། སྒྲ་འམ། དྲི་འམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6588#UT22084-014-001-6588