སྩལ་པ། རབ་འབྱོར་དེ་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཡིད་དང་། ཡིད་ཀྱི་ཁམས་ཡང་དག་པར་རྗེས་སུ་མི་མཐོང་སྟེ། རབ་འབྱོར་དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། ཡིད་ཡོངས་སུ་སྐྲག་པར་མི་འགྱུར་རོ། །​རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཆོས་ཐམས་ཅད་མི་དམིགས་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱ་སྟེ། རབ་འབྱོར་གལ་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་ཡང་མི་དམིགས། བྱང་ཆུབ་སེམས་དཔའ་དེ་ཡང་མི་དམྱིགས། བྱང་ཆུབ་སེམས་དཔའི་མིང་དེ་ཡང་མི་དམྱིགས། བྱང་ཆུབ་ཀྱི་སེམས་དེ་ཡང་མི་དམྱིགས་ན། དེ་ཉིད་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི། གདམས་ངག་ཡིན་ཏེ། དེ་ཉིད་རྗེས་སུ་བསྟན་པ་ཡིན་ནོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་གསུམ་མོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་ཉི་ཤུ་པ།​།དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་གཟུགས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​བཅོམ་ལྡན་འདས། ཚོར་བ་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བགྱིའོ། །​བཅོམ་ལྡན་འདས། འདུ་ཤེས་ཡོངས་སུ་རྟོགས་པར་འཚལ་བའི། བྱང་ཆུབ་སེམས་དཔའ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6484#UT22084-014-001-6484