བཞིན་གཤེགས་པས་མངོན་པར་སངས་རྒྱས་སོ། །​མངོན་པར་ཐུགས་སུ་ཆུད་དོ། །​མངོན་པར་རྫོགས་པར་སངས་རྒྱས་ཏེ། མངོན་པར་རྫོགས་པར་ཐུགས་སུ་ཆུད་ནས་ཀྱང་གསུང་ངོ་། སྟོན་ཏོ་རྗོད་དོ། འགྲེལ་ཏོ། རྣམ་པར་འབྱེད་དོ། གསལ་བར་མཛད་དོ། ཡང་དག་པར་སྟོན་ཏོ། །​དེ་ནས་ལྷའི་བུ་སྟོང་ཕྲག་མང་པོ་སྟེང་གི་བར་སྣང་ལ་འཁོད་ནས་ལྷུང་ལྷུང་ལྡགས་ཀྱི་སྒྲ་ཕྱུང་སྟེ། ལྷ་རྫས་ཀྱི་མེ་ཏོག་ཨུདྤ་ལ་དང་། པདྨོ་དང་། ཀུ་མུད་དང་། པུཎྡ་རི་ཀ་དང་། མནྡཱ་ར་བ་དང་། མནྡཱ་ར་བ་ཆེན་པོས་འཐོར་ཞིང་འདི་སྐད་ཀྱི་ཚིག་བརྗོད་པར་གྱུར་ཏོ། །​ཀྱེ་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་བསྟན་པས། ལྷའི་བུ་སྟོང་ཕྲག་དུ་མ་སྐྱེ་བ་མྱེད་པའི་ཆོས་ལ་བཟོད་པ་སྐྱེས་པར་གྱུར་ཏེ། འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བར་མཐོང་ངོ་། །​དེ་ནས་བཅོམ་ལྡན་འདས་ཀྱིས་གནས་བརྟན་རབ་འབྱོར་ལ་བཀའ་སྩལ་པ། རབ་འབྱོར་དངོས་པོ་མྱེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ཕྱིར་འདི་ནི་ཆོས་ཀྱི་འཁོར་ལོ་གཉིས་སུ་བསྐོར་བ་ཡང་མ་ཡིན་གཅིག་ཏུ་བསྐོར་བ་ཡང་མ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡང་ཆོས་གང་ཡང་འཁོར་བ་འམ། མྱི་འཁོར་བར་བྱ་བའི་ཕྱིར་ཉེ་བར་གནས་པ་མ་ཡིན་ནོ། །​གསོལ་པ། བཅོམ་ལྡན་འདས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཆོས་གང་ཡང་འཁོར་བར་བགྱི་བ་འམ། མྱི་འཁོར་བར་བགྱི་པའི་སླད་དུ་ཉེ་བར་མྱི་གནས་པའི་དངོས་པོ་མ་མཆིས་པའི་ངོ་བོ་ཉིད་སྟོང་པ་ཉིད་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་བཟོད་པའི་ཕ་རོལ་ཏུ་ཕྱིན་པས་སྟོང་ངོ་། །​ཚུལ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99211#UT22084-014-001-99211