རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་ཀྱི་ཕུང་པོ་རབ་ཏུ་མང་བ་ཚད་མ་མཆིས་པ་གྲངས་མ་མཆིས་པ་བསམ་གྱིས་མྱི་ཁྱབ་པ་མཚུངས་པ་མ་མཆིས་པ་གཞལ་དུ་མ་མཆིས་པ་དཔག་ཏུ་མ་མཆིས་པ་རབ་ཏུ་འཕེལ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཆོས་བརྒྱད་དང་བཅུ་བཞི་དང་བཅོ་ལྔ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྷའི་འཁོར་གྱི་མདུན་དུ་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་ནི་བསོད་ནམས་མང་དུ་འཕེལ་ཏེ། བསོད་ནམས་ཀྱི་ཕུང་པོ་མང་བ། ཚད་མྱེད་པ་གྲངས་མྱེད་པ་བསམ་གྱིས་མྱི་ཁྱབ་པ་མཚུངས་པ་མེད་པ། གཞལ་དུ་མེད་པ་དཔག་ཏུ་མྱེད་པ་རབ་ཏུ་འཕེལ་བར་འགྱུར་རོ། །​རབ་འབྱོར་དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་རིན་པོ་ཆེའོ། །​རབ་འབྱོར་དེ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རིན་པོ་ཆེ་ནི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་ལས་ཡོངས་སུ་གྲོལ་བར་བྱེད་པའོ། །​བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་མྱི་དང་ལྷ་དབུལ་པོ་ལས་ཡོངས་སུ་གྲོལ་བར་བྱེད་པའོ། །​རྒྱལ་རིགས་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །​བྲམ་ཟེ་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །​ཁྱིམ་བདག་ཆེ་ཞིང་མཐོ་བའི་རིགས་འབྱིན་པའོ། །​རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​སུམ་ཅུ་རྩ་གསུམ་གྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​མཚེ་མའི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​དགའ་ལྡན་གྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​འཕྲུལ་དགའི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​གཞན་འཕྲུལ་དབང་བྱེད་ཀྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​ཚངས་རིས་ཀྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​ཚངས་ལྷ་ཉེ་ཕན་གྱི་ལྷའི་སྐྱེ་བའི་སྐྱེ་མཆེད་འབྱིན་པའོ། །​ཚངས་པ་ཀུན་འཁོར་གྱི་ལྷའི་སྐྱེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99202#UT22084-014-001-99202