ཕ་རོལ་ཏུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་མྱི་བྱེད་གནོད་པར་མྱི་བྱེད་དོ། །​གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ནི་ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་སོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཇི་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཆོས་གང་ཡང་ཡོངས་སུ་ལེན་པ་མ་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤ་ར་དྭ་ཏིའི་བུ་ཆོས་ཀྱི་དབྱིངས་མྱི་གཡོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པས་ཆོས་གང་ཡང་ཡོངས་སུ་ལེན་པ་མྱེད་དོ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོརད་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལད་ཏོ། །བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་གཟུགས་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་གཟུགས་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་ཚོར་བ་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་རོ། །​གསོལ་པ། བཅོམ་ལྡན་འདས་ཅིའི་སླད་དུ་ན་བདག་རྣམ་པར་དག་པས་ཚོར་བ་རྣམ་པར་དག་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཤིན་ཏུ་རྣམ་པར་དག་པའི་ཕྱིར་ཏེ། བདག་མྱེད་པའི་ཕྱིར་ཚོར་བ་མྱེད་པ་ནི་ཤིན་ཏུ་རྣམ་པར་དག་པའོ། །​གསོལ་པ། བཅོམ་ལྡན་འདས་བདག་རྣམ་པར་དག་པའི་སླད་དུ་འདུ་ཤེས་རྣམ་པར་དག་པའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-98835#UT22084-014-001-98835