རྣམས་ལ་སྣང་བ་བྱས་པར་འགྱུར་རོ། །​གསོལ་པ། བཅོམ་ལྡན་འདས་དེ་དེ་ལགས་སོ། །​བདེ་བར་གཤེགས་པ་དེ་དེ་ལགས་སོ། །​བཅོམ་ལྡན་འདས་དེ་ཉིད་ཀྱིས་ཀྱང་དཀར་ཞིང་རིགས་དང་ལྡན་པའི་གང་ཟག་རྣམས་ནོངས་པ་སྤོང་ཞིང་བདག་ཅག་གིས་དེ་ལྟ་བུའི་སྡུག་བསྔལ་ཉམས་སུ་མྱོང་བར་གྱུར་ཏུ་འོང་ངོ་། །​ཞེས་སྲོག་གི་དོན་དུ་ཡང་དམ་པའི་ཆོས་མྱི་སྤོང་ངོ་། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་གིས་གང་ཟག་དམ་པའི་ཆོས་སྤོང་བའི་ནོངས་པ་བརྗོད་པ་འདི་ཐོས་ན་བདག་ཅག་ཀྱང་ངན་སོང་དག་ཏུ་སྡུག་བསྔལ་གྱི་རྣམ་པ་དེ་ལྟ་བུ་མྱོང་དུ་འོང་ངོ་། །​དེ་བཞིན་གཤེགས་པ་མྱི་མཐོང་བ་དང་། ཆོས་མྱི་ཐོས་པ་དང་། དགེ་འདུན་བསྙེན་ཅིང་བཀུར་དུ་མྱེད་པར་འགྱུར་དུ་འོང་ངོ་། སངས་རྒྱས་འབྱུང་བ་མྱེད་པའི་སངས་རྒྱས་ཀྱི་ཞིང་དུ་སྐྱེས་སུ་འོང་ངོ་། །​མྱི་ཕོངས་པར་འགྱུར་དུ་འོང་ངོ་། །​ཤིན་ཏུ་འཇུངས་པའི་སེམས་དང་ལྡན་པར་འགྱུར་དུ་འོང་ངོ་ཞེས་བགྱི་བར་ལུས་དང་ངག་དང་ཡིད་ཀྱི་ལས་ཤིན་ཏུ་བསྡམ་པར་བགྱིའོ། །​ཡང་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཚིག་གི་ལས་བགྱིས་ཤིང་བསྩགས་པས་ནི་ཆོས་འཇིག་པར་འགྱུར་བའི་ལས་བགྱིས་ཤིང་བསྩགས་པར་འགྱུར་རོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཚིག་གི་ལས་བྱས་ཤིང་བསྩགས་པས་ཆོས་འཇིག་པར་འགྱུར་བའི་ལས་བྱས་ཤིང་བསྩགས་པར་འགྱུར་ཏེ། རབ་འབྱོར་སྐྱེས་བུ་གླེན་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་སྐྱོན་གདགས་པར་སེམས་ཤིང་ཕྱིར་སྤོང་བར་སེམས་པ་དེ་དག་ཀྱང་ཆོས་དང་འདུལ་བ་དེ་ཉིད་ལ་རབ་ཏུ་འབྱུང་བར་འགྱུར་རོ། །​རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ལ་སྐྱོན་བཏགས་ཤིང་ཕྱིར་སྤངས་པར་འགྱུར་རོ། །​སངས་རྒྱས་ཀྱི་བྱང་ཆུབ་ལ་སྐྱོན་བཏགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97626#UT22084-014-001-97626