པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོ། བཅོམ་ལྡན་འདས་ལ་སྙུན་མྱི་མངའ་འམ། གནོད་པ་མ་མཆིས་སམ། ཟོ་བདོག་བདེ་འམ། སྐུ་ཉམས་དང་ལྡན་ནམ། བདེ་བ་དང་། དགྱེས་པར་སྤྱོད་དམ་ཞེས་འདྲི་སྟེ། པདྨོ་གསེར་གྱི་མདོག་ཅན་འདབ་མ་སྟོང་དང་ལྡན་པ་འདི་དག་ཀྱང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་འཕྲོས། བཅོམ་ལྡན་འདས་ལ་མཆོད་པའི་སླད་དུ་བསྐུར་རོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས། པདྨོ་དེ་དག་བཞེས་ནས། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་པོ་དེ་དག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་དག་གང་ན་བ་དེར་གཏོར་ཏོ། །​དེ་ནས་པདྨོ་དེ་དག་གིས་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་རྒྱས་པར་ཁྱབ་པར་གྱུར་ཏེ། པདྨོ་དེ་དག་ལ་དེ་བཞིན་གཤེགས་པའི་སྐུ་མང་པོ་བཞུགས་ཤིང་། འདི་ལྟར་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་ཉིད་བརྩམས་ཏེ་ཆོས་སྟོན་ཏོ། །ཆོས་བསྟན་པ་དེ་སེམས་ཅན་གང་གིས་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་བླ་ན་མེད་པར་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁྱིམ་པ་དང་། རབ་ཏུ་བྱུང་བ་དང་། ཁྱེའུ་དང་། བུ་མོའི་གཟུགས་སུ་འདུག་པ་དེ་དག་གིས་ཀྱང་རང་རང་གི་དགེ་བའི་རྩ་བས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་རིམ་གྲོར་བྱས་སོ། །​བཀུར་བསྟིར་བྱས་སོ། །​ཕུ་དུད་དུ་བྱས་སོ། །​མཆོད་པ་བྱས་སོ། །དེ་ནས་བྱང་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ཀུན་གྱི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བའི་དབང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-5916#UT22084-014-001-5916