འབྱོར་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་ཀྱིས་གང་འདི་སྐད་དུ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་དགེ་བའི་རྩ་བ་དེ་དག་ཐམས་ཅད་མངོན་པར་བསྡུས་ཏེ། གཅིག་ཏུ་བརྟུལ་ནས་ཚད་བཟུང་སྟེ། རྗེས་སུ་ཡི་རང་བའི་རབ་ཀྱིས་རྗེས་སུ་ཡི་རང་བ་དང་། རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མྱེད་པ་དང་། གོང་ན་མྱེད་པ་དང་། མཉམ་པ་མྱེད་པ་དང་། མྱི་མཉམ་པ་དང་མཉམ་པས་རྗེས་སུ་ཡི་རང་བར་བྱེད་དོ། །ཞེས་བཀའ་སྩལ་ན། བཅོམ་ལྡན་འདས་ཇི་ཙམ་གྱིས་ན། རྗེས་སུ་ཡི་རང་བའི་དམ་པར་འགྱུར། ཇི་ཙམ་གྱིས་ན། རྗེས་སུ་ཡི་རང་བའི་གཙོ་བོ་དང་། དམ་པ་དང་། མཆོག་དང་། ཕུལ་དང་། གྱ་ནོམ་པ་དང་། བླ་ན་མ་མཆིས་པ་དང་། གོང་ན་མ་མཆིས་པ་དང་། མཉམ་པ་མ་མཆིས་པ་དང་། མྱི་མཉམ་པ་དང་མཉམ་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་དང་། རང་སངས་རྒྱས་དེ་དག་དང་། སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བ་དེ་དག་མི་ལེན་མྱི་གཏོང་བ་དང་། མི་རློམ་མྱི་འཇུམ་ཞིང་དམྱིགས་པ་ཡང་མ་ཡིན། མྱི་དམྱིགས་པ་ཡང་མ་ཡིན་ལ། དེ་འདི་སྙམ་དུ་འདི་ལ་ཆོས་གང་ཡང་སྐྱེ་བ་ཡང་མྱེད། འགག་པ་ཡང་མྱེད། ཉོན་མོངས་པར་འགྱུར་བ་ཡང་མྱེད། རྣམ་པར་བྱང་བར་འགྱུར་བ་ཡང་མྱེད། དེ་ཆོས་དེ་དག་ལ་འགྲིབ་པ་ཡང་མྱེད། འཕེལ་བ་ཡང་མྱེད། འོང་བ་ཡང་མྱེད། འགྲོ་བ་ཡང་མྱེད། ཕུང་པོར་འགྱུར་བ་ཡང་མྱེད་དོ། །​ཞེས་རྣམ་གྲངས་དེ་ལྟ་བུས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་ཆོས་རྣམས་ཀྱི་དེ་བཞིན་ཉིད་དང་། མ་ནོར་བ་དེ་བཞིན་ཉིད་དང་། གཞན་མ་ཡིན་པ་དེ་བཞིན་ཉིད་དང་། ཆོས་ཉིད་དང་། ཆོས་ཀྱི་གནས་ཉིད་དང་། ཆོས་སྐྱོན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97331#UT22084-014-001-97331