བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་ཆར་ཡང་ཉེ་བར་མྱི་འགྲོའོ། །​གྲངས་དང་། ཆ་དང་། བགྲང་བ་དང་། དཔེ་དང་། རྒྱུར་ཡང་མྱི་བཟོད་དོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་གྱུར་པ་དང་། བསམ་གཏན་བཞི་དང་། ཚད་མྱེད་པ་བཞི་དང་། གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་དང་། མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པ་དེ་དག་ནི་དམྱིགས་པའི་འདུ་ཤེས་ཅན་ནོ། །​དེ་ལྟར་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བར་གྱུར་པ་དང་། སེམས་ཅན་ཐམས་ཅད་ཕྱིར་མྱི་འོང་བར་གྱུར་པ་དང་། སེམས་ཅན་ཐམས་ཅད་དགྲ་བཅོམ་པར་གྱུར་པ་དང་། སེམས་ཅན་ཐམས་ཅད་རང་སངས་རྒྱས་སུ་གྱུར་པ་དེ་དག་ལ། གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་ཀྱི་རྐྱེན་རྩི་དང་། ཡོ་བྱད་མང་པོས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ཀྱང་དམྱིགས་པའི་འདུ་ཤེས་ཅན་ནོ། །​དེ་ནས་རྒྱལ་པོ་ཆེན་པོ་བཞི་རྒྱལ་ཆེན་བཞིའི་རིས་ཀྱི་ལྷའི་བུ་སྟོང་ཕྲག་ཉི་ཤུ་དང་འགྲོགས་ཏེ། ཐལ་མོ་སྦྱར་ནས་དགའ་བའི་ཡིད་ཀྱིས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། འདི་སྐད་ཅེས་གསོལ་ཏོ། །​ཀྱེ་མ་བཅོམ་ལྡན་འདས་དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཐབས་མཁས་པས། དམྱིགས་སུ་མ་མཆིས་པའི་ཚུལ་དང་། ཆགས་པ་མ་མཆིས་པའི་ཚུལ་དང་། མཚན་མ་མ་མཆིས་པའི་ཚུལ་དང་། བགྱིད་པ་མ་མཆིས་པའི་ཚུལ་གྱིས། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོ་ཞིང་། ཅི་ནས་ཀྱང་གཉིས་སུ་མྱི་འགྱུར་བ་དང་། གཉིས་མ་ལགས་པར་ཡང་མྱི་འགྱུར་བ་དེ་ལྟར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97322#UT22084-014-001-97322