དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་མ་ཡིན་ཏེ། དེ་ལྟར་ན་དེའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​སེམས་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​ལྟ་བ་ཕྱིན་ཅི་ལོག་ཏུ་འགྱུར་རོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་བཅོམ་ལྡན་འདས་དེ་དག་དང་། དགེ་བའི་རྩ་བ་དེ་དག་དང་། མངོན་པར་འདུ་བྱ་བ་དེ་དག་དང་། སེམས་བསྐྱེད་པ་དེ་དག་ཡོངས་སུ་ཤེས་པ་མྱེད་ཅིང་། མཚན་མར་མྱི་བྱེད་ན། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་འདུ་ཤེས་ཕྱིན་ཅི་ལོག་ཏུ་མྱི་འགྱུར་རོ། །​སེམས་ཕྱིན་ཅི་ལོག་ཏུ་མྱི་འགྱུར་རོ། །​ལྟ་བ་ཕྱིན་ཅི་ལོག་ཏུ་མྱི་འགྱུར་རོ། །​བྱམས་པས་སྨྲས་པ། བཙུན་པ་རབ་འབྱོར་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། དགེ་བའི་རྩ་བ་དེ་དག་ལ་མཚན་མར་མྱི་བྱེད་ཅིང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བ་ཡིན། །​རབ་འབྱོར་གྱིས་སྨྲས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་ཐབས་མཁས་པ་དེ་དག་བསླབ་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐབས་མཁས་པར་རིག་པར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མ་བརྟེན་པར་བསོད་ནམས་བྱ་བའི་དངོས་པོ་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​བྱམས་པས་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མྱེད་དེ། མྱི་དམྱིགས་སོ་ཞེས་བྱ་བ་དང་། དགེ་བའི་རྩ་བ་དེ་དག་ཀྱང་མྱེད་དེ། མྱི་དམྱིགས་སོ་ཞེས་བྱ་བ་དང་། མངོན་པར་འདུ་བྱ་བ་དེ་དག་ཀྱང་མྱེད་དེ། མྱི་དམྱིགས་སོ་ཞེས་བྱ་བ་དང་། གང་གིས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བའི་སེམས་བསྐྱེད་པ་དེ་དག་ཀྱང་མྱེད་དེ། མྱི་དམྱིགས་སོ་ཞེས་བྱ་བ་འདི་སྐྱོན་དུ་སྨོས་པར་མི་འགྱུར་རམ་སྙམ་ན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97255#UT22084-014-001-97255