མདུན་དུ་རང་གི་མཚན་ཉིད་ཀྱིས་སྟོང་པའི་ཆོས་རྣམས་དེ་ལྟར་བསྟན་པ་བཤད་པར་བྱའོ། །​བསྟན་པར་བྱའོ། །​དེས་ནི་དེ་ཐོས་ན་མྱི་འཇིགས་མྱི་སྔང་སྐྲག་པར་མྱི་འགྱུར་ཏེ། རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྗེས་སུ་ཡི་རང་བ་དང་ལྡན་པའི་བསོད་ནམས་བྱ་བའི་དངོས་པོ་ཡང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་དེ་ལྟར་ཡོངས་སུ་བསྔོ་བར་བྱའོ། །​རབ་འབྱོར་ཀྱིས་སྨྲས་པ། བྱམས་པ་སེམས་གང་གིས་རྗེས་སུ་ཡི་རང་ཞིང་། དགེ་བའི་རྩ་བ་དེ་དག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ་བའི་སེམས་དེ་ནི་ཟད་ཅིང་འགགས་པ། མྱེད་དེ་རྣམ་པར་གྱུར། དངོས་པོ་དེ་དག་དང་། དམྱིགས་པ་དེ་དག་དང་། དགེ་བའི་རྩ་བ་དེ་དག་ཀྱང་ཟད་ཅིང་འགགས་ལ་མྱེད་དེ། རྣམ་པར་གྱུར་ན་རྗེས་སུ་ཡི་རང་བ་དང་ལྡན་པའི་སེམས་ནི་གང་ཞིག། དངོས་པོ་དེ་དག་ནི་གང་ཞིག། དམྱིགས་པ་དེ་དག་ནི་གང་ཞིག། དགེ་བའི་རྩ་བ་དེ་དག་ནི་གང་ཞིག། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱ། ཅི་སེམས་ཀྱིས་སེམས་ཡོངས་སུ་བསྔོའམ། དེ་ལྟར་སེམས་ཀྱིས་སེམས་ཡོངས་སུ་བསྔོ་ན་ནི། སེམས་གཉིས་ཕྲད་པར་འགྱུར་བ་མྱེད་དེ། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ཡང་ཡོངས་སུ་བསྔོ་བར་མྱི་ནུས་སོ། །​གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ནི་དངོས་པོ་མྱེད་པའོ། །​ནང་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །​ཕྱི་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །​ཕྱི་ནང་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །​སྟོང་པ་ཉིད་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །​ཆེན་པོ་སྟོང་པ་ཉིད་ནི་དངོས་པོ་མྱེད་པའོ། །​དོན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97233#UT22084-014-001-97233