ཅེས་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་ན། དེ་ལྟར་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་ཞུགས་པ་དེས་དེ་སྐད་དུ་སྨྲས་ཏེ་སེམས་ཀྱི་རྣམ་པ་དེ་ལྟ་བུས་ཡོངས་སུ་བསྔོས་ན། དམྱིགས་པ་གང་དང་། དངོས་པོ་གང་དག་གིས། སེམས་དེ་ལྟ་བུ་སྐྱེས་པར་གྱུར་པའི་དངོས་པོ་དེ་དག་དང་། དམྱིགས་པ་དེ་དག། རིགས་ཀྱི་བུ་དེ་དག་གིས། ཇི་ལྟར་མཚན་མར་བྱས་པ་དེ་བཞིན་དུ་དམྱིགས་སུ་ཡོད་པ་ཡིན་ནམ། །​བྱམས་པས་སྨྲས་པ། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དེ་དག་གིས། ཇི་ལྟར་མཚན་མར་བྱས་ཏེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་བསྔོས་པ་དེ་བཞིན་དུ་དངོས་པོ་དེ་དག་དང་། དམིགས་པ་དེ་དག་དམྱིགས་སུ་ཡོད་པ་མ་ཡིན་ནོ། །​རབ་འབྱོར་ཀྱིས་སྨྲས་པ། གལ་ཏེ་དེ་ལྟར་དངོས་པོ་མྱེད་པ་དག་དམྱིགས་པ་མྱེད་པས་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པ་དེ་དག་དང་དེ་དག་གི་ཐུགས་དང་པོ་བསྐྱེད་པ་ནས། དམ་པའི་ཆོས་གནས་པའི་བར་གྱི། དགེ་བའི་རྩ་བ་དང་། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་གི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དང་། མྱི་སློབ་པ་རྣམས་ཀྱི་དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྩོགས་བསྡུས་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མཚན་མའི་ཚུལ་གྱིས། ཡོངས་སུ་བསྔོས་ན། ཇི་ལྟར་མི་རྟག་པ་ལ་རྟག་གོ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། སྡུག་བསྔལ་བ་ལ་བདེ་ཞེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། བདག་མྱེད་པ་ལ་བདག་ཅེས་བྱ་བར་འདུ་ཤེས་ཕྱིན་ཅི་ལོག་དང་། སེམས་ཕྱིན་ཅི་ལོག་དང་། ལྟ་བ་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། མི་གཙང་བ་ལ་གཙང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97222#UT22084-014-001-97222