ཤིག། ཀུན་ཆུབ་པར་གྱིས་ཤིག། ཆོངས་ཤིག། ལྷོགས་ཤིག། ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག། ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག། ཅེས་བསྒོ་ན། ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་རྒྱུན་ཏུ་ཞུགས་པ་རྣམས་ཡོད་པར་འགྱུར་རོ། །​ཀཽ་ཤི་ཀ་སྟོང་གཉིས་ཀྱི་འཇིག་རྟེན་གྱི་ཁམས་འབྲིང་པོའི་སེམས་ཅན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་ལྟ་ཞོག་གི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །​གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་བཀྲོལ་ཞིང་རྣམ་པར་ཕྱེ་སྟེ་གསལ་བ་དང་། ཡང་དག་པར་བསྟན་པ་བྱས་པ་དང་། འདི་སྐད་དུ་ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟུང་ཤིག། ཀུན་ཆུབ་པར་གྱིས་ཤིག། ཆོངས་ཤིག་ལྷོགས་ཤིག། ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག །ཇི་ལྟར་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ནན་ཏན་དུ་གྱིས་ཤིག། ཅེས་བསྒོ་ན་ཆེས་དེའི་བསོད་ནམས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། རྒྱུན་ཏུ་ཞུགས་པ་རྣམས་ཡོད་པར་འགྱུར་རོ། །​ཀཽ་ཤི་ཀ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་པ་ལྟ་ཞོག་གི། ཀཽ་ཤི་ཀ་ཕྱོགས་བཅུའི་ཕྱོགས་རེ་རེ་ཞིང་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97171#UT22084-014-001-97171