རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། ཆོས་གང་ལས་ཀྱང་ཡོངས་སུ་འདའ་བར་མ་བྱེད་ཅིག། ཆོས་གང་ལས་ཀྱང་གནས་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཆོས་གང་ལས་འདའ་བར་བྱ་བ་འམ་གང་ལ་གནས་པར་བྱ་བའི་ཆོས་དེ་ལ་མྱེད་དེ། དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཆོས་ཐམས་ཅད་ནི་རང་བཞིན་གྱིས་སྟོང་སྟེ། རང་བཞིན་གྱིས་སྟོང་པའི་ཆོས་གང་ཡིན་པ་དེ་ནི་དངོས་པོ་མྱེད་པའོ། །​དངོས་པོ་མྱེད་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི། བླང་བར་བྱ་བ་འམ། དོར་བར་བྱ་བ་འམ། བསྐྱེད་པར་བྱ་བ་འམ་དགག་པར་བྱ་བའི་ཆོས་གང་ཡང་མྱེད་དོ་ཞེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མྱི་སྟོན་ཏོ། །​ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོས་དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྟན་པར་བྱ་སྟེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་གི་བསོད་ནམས་ཀྱི་ཕུང་པོ་ནི་ཆེས་མང་དུ་འཕེལ་གྱི། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སྔ་མ་དག་གི་ནི་མ་ཡིན་ནོ། །​ཀཽ་ཤི་ཀ་གཞན་ཡང་འཛམ་བུ་གླིང་གི་སེམས་ཅན་ཇི་སྙེད་པ་དེ་དག་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཀོད་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་དེའི་རྒྱུས་མང་དུ་འཕེལ་ལམ། །​གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན། ཡི་གེ་དང་ལྡན་པར་གཞན་ལ་རྒྱ་ཆེར་བརྗོད་དེ་བསྟན་པ་དང་། བཤད་དེ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97168#UT22084-014-001-97168