རྣམས་ཀྱིས་ཐུགས་དང་པོ་བསྐྱེད་པ་ནས། ཕུང་པོ་མ་ལུས་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི། དགེ་བའི་རྩ་བ་གང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་ཏེ། རྗེས་སུ་དགའ་བར་གྱིས་ལ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོས་ཤིག་ཅེས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག་དེ་ལྟར་སྟོན་ཅིང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སྟོན་ན། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མི་སྟོན་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ། ཚུར་རིགས་ཀྱི་བུ་ཁྱོད་ཀྱིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམས་ཤིག། གཟུགས་མྱི་རྟག་ཅེས་བྱ་བར་ཡང་དག་པར་རྗེས་སུ་མ་ལྟ་ཤིག། དེ་ཅིའི་ཕྱིར་ཞེ་ན། གཟུགས་ནི་རང་བཞིན་གྱིས་སྟོང་སྟེ། གཟུགས་ཀྱི་རང་བཞིན་གང་ཡིན་པ་དེ་ནི་དངོས་པོ་མྱེད་པའོ། །​དངོས་པོ་མེད་པ་གང་ཡིན་པ་དེ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཡིན་པ་དེ་ལ་ནི་གཟུགས་རྟག་ཅེས་བྱ་བ་འམ། མྱི་རྟག་ཅེས་བྱ་བ་མྱི་དམྱིགས་སོ། །​དེ་ལ་གཟུགས་ཉིད་ཀྱང་མྱེད་ན། རྟག་པ་འམ་མྱི་རྟག་པ་ལྟ་ག་ལ་ཡོད་ཅེས་སྟོན་ཏེ། ཀཽ་ཤི་ཀ་དེ་ལྟར་སྟོན་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དག་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་མྱི་སྟོན་ཏོ། །​ཀཽ་ཤི་ཀ་གཞན་ཡང་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག། བྱང་ཆུབ་སེམས་དཔའི་ཐེག་པ་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་དེ་དག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལྟར་སྟོན་ཏེ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-97116#UT22084-014-001-97116