ཕ་རོལ་ཏུ་ཕྱིན་པ་འདི་དོན་དང་ལྡན་ཡི་གེ་དང་ལྡན་པར་བསྟན་པར་བྱའོ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་གང་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྟན་ཏོ་སྙམ་ཞིང་། དེ་དག་གཟུགས་བརྙན་སྟོན་པ་བྱེད་པའོ། །​བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དག །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་པ་ལགས། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་འདི་ལ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོན་པ་བྱེད་པའི་ཚེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་སྟོན་ཏེ། དེ་ལ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ཏེ། འདི་ལྟར་གཟུགས་མྱི་རྟག་གོ་ཞེས་བྱ་བར་སྟོན། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། གཟུགས་བདག་མྱེད་དོ་ཞེས་བྱ་བར་སྟོན། གཟུགས་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་། གཟུགས་མྱི་རྟག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པར་འགྱུར་རོ། །​གཟུགས་བདག་མྱེད་ཅེས་བྱ་བར་རྟོག་པར་འགྱུར་རོ། །​གཟུགས་མྱི་སྡུག་ཅེས་བྱ་བར་རྟོག་པར་འགྱུར་རོ། །​དེ་ལྟར་དེ་དག་གཟུགས་མྱི་རྟག་གོ་ཞེས་བྱ་བར་རྟོག་པ་དང་། གཟུགས་སྡུག་བསྔལ་ལོ་ཞེས་བྱ་བར་རྟོག་པ་དང་། གཟུགས་བདག་མྱེད་དོ་ཞེས་བྱ་བར་རྟོག་པ་དང་། གཟུགས་མྱི་སྡུག་གོ་ཞེས་བྱ་བར་རྟོག་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གཟུགས་བརྙན་ལ་སྤྱོད་པར་འགྱུར་རོ། །​ཚོར་བ་མྱི་རྟག་གོ་ཞེས་བྱ་བར་སྟོན། ཚོར་བ་སྡུག་བསྔལ་ལོ་ཞེས་བྱ་བར་སྟོན། ཚོར་བ་བདག་མྱེད་དོ་ཞེས་བྱ་བར་སྟོན། ཚོར་བ་མྱི་སྡུག་གོ་ཞེས་བྱ་བར་སྟོན་ཅིང་། འདི་སྐད་དུ་གང་དེ་ལྟར་སྤྱོད་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་རྗོད་དེ། སུ་ལ་བསྟན་པ་དེ་དག་ཀྱང་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-99244#UT22084-014-001-99244