བྲི་བ་དང་། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་དེ་ནི་འདི་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས་ཟག་པ་མྱེད་པའི་ཆོས་རྣམས་རྒྱ་ཆེར་བསྟན་ཏེ། དེ་དག་ལ་བསླབས་ཤིང་། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དག་ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །​འཇུག་གོ་འཇུག་པར་འགྱུར་རོ། །​རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར་ཏོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ཕྱིར་མྱི་འོང་བའི་འབྲས་བུ་ཐོབ་པར་གྱུར་ཏོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས། རང་བྱང་ཆུབ་ཐོབ་པར་གྱུར་ཏོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པར་ཞུགས་པར་གྱུར་ཏོ། །​འཇུག་གོ་འཇུག་པར་འགྱུར་རོ། །​བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མངོན་པར་རྫོགས་པར་འཚང་རྒྱའོ། །​མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ཀཽ་ཤི་ཀ་ཟག་པ་མྱེད་པའི་ཆོས་དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད་དང་། དོན་དམ་པ་སྟོང་པ་ཉིད་དང་། འདུས་བྱས་སྟོང་པ་ཉིད་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96995#UT22084-014-001-96995