དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བ་མ་ཡིན་ནོ། །​ཀཽ་ཤི་ཀ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པའི་སེམས་ཅན་ནི། སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་ནས་ཡོངས་སུ་གྲོལ་བའི་ཕྱིར་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་ལྟ་ཅི་སྨོས། ཀཽ་ཤི་ཀ་གང་ལ་ལས་འཛམ་བུའི་གླིང་གི་སེམས་ཅན་རྣམས། རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་དང་། ཕྱིར་མི་འོང་བའི་འབྲས་བུ་ལ་བཀོད་པ་དང་། དགྲ་བཅོམ་པ་ཉིད་ལ་བཀོད་པ་བས། ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་རང་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་རྒྱུན་ཏུ་ཞུགས་པའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། དེའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་པའི་དོན་དུ་ཞུགས་པའི་ཕྱིར་རོ། །​ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ལ་བཀོད་པ་བས། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གཞན་ལ་ལ་ཞིག་གིས་སེམས་ཅན་གཅིག་ཅིག་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་བཞག་ན། འདིའི་བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། དེ་ནི་སངས་རྒྱས་ཀྱི་ཚུལ་རྒྱུན་མྱི་འཆད་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96943#UT22084-014-001-96943