མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས། རིམ་གྲོར་བྱའོ། །​བཀུར་སྟིར་བྱའོ། །​ཕུ་དུད་དུ་བྱའོ། །​མཆོད་པར་བྱའོ། །​དེ་ལྟར་དེ་ལ་སློབ་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །​མངོན་པར་རྫོགས་པར་འཚང་རྒྱའོ། །​མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །​ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། དགྲ་བཅོམ་པ་ཉིད་ཐོབ་པོ། །​འཐོབ་བོ། །ཐོབ་པར་འགྱུར་རོ། །​རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པོ། །​འཐོབ་བོ། །​ཐོབ་པར་འགྱུར་རོ། །​ཤེས་རབ་ཀྱི་ཕ་རོལད་ཏུ་ཕྱིནད་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་ཉི་ཤུ་གཉིས་སོ།​། །​།དེ་ནས་བཅོམ་ལྡན་འདས་ཀྱིས། ལྷའི་དབང་པོ་བརྒྱ་བྱིན་ལ་བཀའ་སྩལ་པ། ཀཽ་ཤི་ཀ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་ལ་ལ་ཞིག་གིས། གལ་ཏེ་འཛམ་བུའི་གླིང་གི་སེམས་ཅན་དེ་དག་དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པར་གྱུར་ན། ཀཽ་ཤི་ཀ་དེ་ཇི་སྙམ་དུ་སེམས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེ་དེའི་རྒྱུས། དེའི་བསོད་ནམས་མང་དུ་འཕེལ་བར་འགྱུར་རམ། །​གསོལ་པ་བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་ལ་ལ་ཞིག་གིས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་ཀླག་པ་འམ། བྲི་བའམ། ཁ་ཏོན་དུ་བྱ་བའི་ཕྱིར། གཞན་བྱིན་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །​དེ་ཅིའི་ཕྱིར་ཞེ་ན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལས། ཟག་པ་མྱེད་པའི་ཆོས་གང་ལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་སློབ་ཅིང་། ཡང་དག་པའི་སྐྱོན་མྱེད་པར་ཞུགས་པར་གྱུར་པ་དང་། འཇུག་པ་དང་འཇུག་པར་འགྱུར་བ་དང་། རྒྱུན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96940#UT22084-014-001-96940