དེ་ཆེས་མང་དུ་འཕེལ་ལོ། །​ཀཽ་ཤི་ཀ་འཛམ་བུའི་གླིང་དེ་བཞིན་གཤེགས་པའི་མཆོད་རྟེན་གྱིས་ཡོངས་སུ་བཀང་བ་ལྟ་ཞོག་གི །​ཀཽ་ཤི་ཀ་གལ་ཏེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། མཆོད་པའི་ཕྱིར་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་འདི་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་མཆོད་རྟེན་འཕང་དུ་དཔག་ཚད་ཙམ་ལ། རྒྱར་དཔག་ཚད་ཕྱེད་པས་ཡོངས་སུ་བཀང་སྟེ། དེ་དག་ལ་ནམ་འཚོའི་བར་དུ་ལྷ་རྫས་ཀྱི་མྱེ་ཏོག་དང་། ལྷ་རྫས་ཀྱི་ཕྲེང་བ་དང་། ལྷ་རྫས་ཀྱི་སྤོས་དང་། ལྷ་རྫས་ཀྱི་བྱུག་པ་དང་། ལྷ་རྫས་ཀྱི་ཕྱེ་མ་དང་། ལྷ་རྫས་ཀྱི་ཆོས་གོས་དང་། ལྷ་རྫས་ཀྱི་ན་བཟའ་དང་། ལྷ་རྫས་ཀྱི་གདུགས་དང་། ལྷ་རྫས་ཀྱི་རྒྱལ་མཚན་དང་། ལྷ་རྫས་ཀྱི་བ་དན་དང་། ལྷ་རྫས་ཀྱི་སིལ་སྙན་མང་པོས་རིམ་གྲོར་བྱས། བཀུར་སྟིར་བྱས། ཕུ་དུད་དུ་བྱས། མཆོད་པར་བྱས་ན། ཀཽ་ཤི་ཀ་དེ་ལ་ཇི་སྙམ་དུ་སེམས། དེའི་ཕྱིར་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེའི་བསོད་ནམས་མང་དུ་འཕེལ་ལམ། །​བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་མང་ངོ་། །​བདེ་བར་གཤེགས་པ་མང་ངོ་། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀཽ་ཤི་ཀ་དེ་བས་ཀྱང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་གླེགས་བམ་དུ་བྱས་ཏེ་འཛིན་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། བྲིས་ཤིང་མྱེ་ཏོག་དང་ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སིལ་སྙན་སྣ་ཚོགས་ཀྱིས་རིམ་གྲོར་བྱེད། བཀུར་སྟིར་བྱེད། ཕུ་དུད་དུ་བྱེད། མཆོད་པར་བྱེད་ན། བསོད་ནམས་ཆེས་མང་དུ་འཕེལ་ལོ། །​ཀཽ་ཤི་ཀ་གླིང་བཞི་པའི་འཇིག་རྟེན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96776#UT22084-014-001-96776