གནས་པར་འགྱུར་བ་མཐོང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མྱེད་པ། ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་པ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །​ཀཽ་ཤི་ཀ་ངས་འདི་ནས་སངས་རྒྱས་ཀྱི་སྤྱན་བསྒྲིབས་པ་མྱེད་པས། སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སེམས་ཅན་ཚད་མྱེད་གྲངས་མྱེད་པ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྤྱོད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པའི་ཐབས་མཁས་པ་དང་མྱི་ལྡན་པས། དེ་ལས་གཅིག་གམ་གཉིས་ཤིག་ཕྱིར་མྱི་ལྡོག་པའི་ས་ལ་གནས་པར་འགྱུར་གྱི། དེ་ལས་ཕལ་ཆེར་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པར་འགྱུར་བ་མཐོང་ངོ་། །དེ་ཅིའི་ཕྱིར་ཞེ་ན། ཀཽ་ཤི་ཀ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ནི་ལེ་ལོ་ཅན། བརྩོན་འགྲུས་མྱེད་པ། བསམ་པ་ཞན་པ། མོས་པ་དམའ་བ། ཤེས་རབ་འཆལ་བ་ཅན་རྣམས་ཀྱིས་བསྒྲུབ་པར་དཀའོ། །​ཀཽ་ཤི་ཀ་དེ་བས་ན། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་པ་དེ་དག་མྱུར་ཞིང་། བདེ་བར་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་ན། ཡང་དང་ཡང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ལ་མཉན་པར་བྱའོ། །​གཟུང་བར་བྱའོ། །​བཅང་བར་བྱའོ། །​ཀླག་པར་བྱའོ། །​ཀུན་ཆུབ་པར་བྱའོ། །​ཚུལ་བཞིན་དུ་ཡིད་ལ་བྱའོ། །​དེ་དག་གིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནད་པ་འདི་གཟུང་ཞིང་། བཅང་བ་དང་། ཀླག་ཅིང་ཀུན་ཆུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱ་ཞིང་བྲིས་ཏེ། མེ་ཏོག་དང་། བདུག་སྤོས་དང་། ཕྲེང་བ་དང་། སྤོས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་མང་པོས་རིམ་གྲོར་བྱའོ །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96760#UT22084-014-001-96760