བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །​རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །​སྟེང་གི་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་དུ་སོང་ཞིང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མཉེས་པར་བྱེད་དོ། །​རིམ་གྲོ་དང་། བཀུར་སྟི་དང་། ཕུ་དུད་དང་། མཆོད་པ་བྱེད་དོ། །​འདིས་ནི་མངོན་པར་ཤེས་པ་ཐོབ་པར་འགྱུར་རོ། །​འདིས་ནི་མངོན་པར་ཤེས་པ་ཐོབ་པར་མི་འགྱུར་རོ། །​འདི་ནི་བཟོད་པ་ཐོབ་པའོ། །​འདི་ནི་བཟོད་པ་ཐོབ་པ་མ་ཡིན་ནོ། །​འདི་ནི་དབང་པོ་ཐོབ་པའོ། །​འདི་ནི་དབང་པོ་ཐོབ་པ་མ་ཡིན་ནོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིའི་སངས་རྒྱས་ཀྱི་ཞིང་ནི་ཡོངས་སུ་དག་པར་མི་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་ལྡན་པའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་སྨོན་ལམ་ཆེན་པོ་དང་མི་ལྡན་པའོ། །​འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་བྱས་སོ། །​འདིས་ནི་སེམས་ཅན་ཡོངས་སུ་སྨིན་པར་མ་བྱས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལ་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་འདི་ལ་ལེགས་པ་བརྗོད་པ་མཛད་དོ། །​འདི་ལ་ནི་ལེགས་པ་བརྗོད་པ་མི་མཛད་དོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་ཉེ་བར་གནས་པར་འགྱུར་རོ། །​འདི་དག་ནི་ཉེ་བར་གནས་པར་མི་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ནི་བྱང་ཆུབ་ཐོབ་ནས་ཚེ་དཔག་ཏུ་མེད་པར་འགྱུར་རོ། འདིའི་ཚེ་ནི་དཔག་ཏུ་ཡོད་པར་འགྱུར་རོ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6229#UT22084-014-001-6229