གཡེངས་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པའི་ཕྱིར་རོ། །​གང་གི་དོན་དུ་སེམས་ཅན་དེ་དག་ཡུན་རིང་པོར་ཤེས་རབ་འཆལ་པར་གྱུར་པའི་ཕྱི་ནང་གི་ཆོས་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡོངས་སུ་བཏང་སྟེ། སེམས་ཅན་དེ་དག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རབ་ཏུ་བཀོད་པ་དང་། ཡང་དག་པར་བསྐུལ་བའི་ཕྱིར་རོ། །​ཀཽ་ཤི་ཀ་གང་གི་དོན་དུ་སེམས་ཅན་དེ་དག་འདི་ལྟ་སྟེ། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བས། འཁོར་བ་ན་འཁོར་བར་གྱུར་པའི་བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་དེ་དག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་རྣམ་པར་བཅིལ་ཏེ། སེམས་ཅན་དེ་དག་བསམ་གཏན་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​ཚད་མྱེད་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​གཟུགས་མྱེད་པའི་སྙོམས་པར་འཇུག་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​མངོན་པར་ཤེས་པ་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​དྲན་པ་ཉེ་བར་གཞག་པ་བཞི་པ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​ཡང་དག་པར་སྤོང་བ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​དབང་པོ་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​སྟོབས་ལྔ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​བྱང་ཆུབ་ཀྱི་ཡན་ལག་བདུན་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​འཕགས་པའི་ལམ་ཡན་ལག་བརྒྱད་པ་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​འཕགས་པའི་བདེན་པ་བཞི་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​རྣམ་པར་ཐར་པ་བརྒྱད་ལ་ཡང་དག་པར་བསྐུལ་བའི་ཕྱིར་རོ། །​མཐརད་ཀྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་ཡང་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96703#UT22084-014-001-96703