སངས་རྒྱས་ཀྱི་ཞིང་འདི་ནས་ཤི་འཕོས་ནས་གང་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་བཞུགས་ཤིང་། འཚོ་སྐྱོང་བའི་སངས་རྒྱས་ཀྱི་ཞིང་དེ་ནས་དེར་འགྲོ་སྟེ། ནམ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་ཀྱི་བར་དུ་ནམ་ཡང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་མི་འགྱུར་རོ། །​ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྩོན་པར་བྱེད་པ་ན། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་ལ་མཁས་པའི་སྟོབས་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་ཀྱང་དེས་ང་རྒྱལ་དུ་མི་བྱེད་དོ། །​ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐབས་ལ་མི་མཁས་པ་དག །​བསམ་གཏན་དང་པོ་ལ་ཡང་མཉམ་པར་གཞོག །​བསམ་གཏན་གཉིས་པ་ལ་ཡང་མཉམ་པར་གཞོག །​བསམ་གཏན་གསུམ་པ་ལ་ཡང་མཉམ་པར་གཞོག །​བསམ་གཏན་བཞི་པ་ལ་ཡང་མཉམ་པར་གཞོག་ཅིང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཡང་སྤྱོད་དེ། དེ་དག་བསམ་གཏན་ཐོབ་པས་ལྷ་ཚེ་རིང་པོའི་ནང་དུ་སྐྱེས་ཤིང་། གལ་ཏེ་མིའི་ནང་དུ་སྐྱེ་བ་ཐོབ་ནས། སངས་རྒྱས་བཅོམ་ལྡན་འདས་དག་ལ་བསྙེན་བཀུར་བྱེད་ན་ཡང་། དེ་དག་དབང་པོ་རྟུལ་ཞིང་དབང་པོ་མྱི་རྣོ་བ་ཡང་ཡོད་དོ། །​ཤ་ར་དྭ་ཏིའི་བུ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་ལ་ཡང་མཉམ་པར་གཞོག་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཡང་སྤྱོད་དེ། དེ་དག་ཐབས་ལ་མི་མཁས་པས། བསམ་གཏན་རྣམས་སྤངས་ནས་ཕྱིར་འདོད་པའི་ཁམས་སུ་སྐྱེ་བ་ཡང་ཡོད་དེ། ཤ་ར་དྭ་ཏིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་དབང་པོ་རྟུལ་བ་ཡིན་ཏེ། དབང་པོ་རྣོ་བ་མ་ཡིན་ནོ། །​ཤ་ར་དྭ་ཏིའི་བུ་འདི་ལྟར་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསམ་གཏན་དང་པོ་ལ་ཡང་སྙོམས་པར་འཇུག །​བསམ་གཏན་གཉིས་པ་ལ་ཡང་སྙོམས་པར་འཇུག །​བསམ་གཏན་གསུམ་པ་ལ་ཡང་སྙོམས་པར་འཇུག །​བསམ་གཏན་བཞི་པ་ལ་ཡང་སྙོམས་པར་འཇུག །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6187#UT22084-014-001-6187