འཕྲུལ་གྱིས་རྣམ་པར་རྩེ་བ་དག་ཀྱང་བསྟན་ཏེ། དེས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་ཅིང་། རྫུས་ཏེ་སྐྱེ་བར་འགྱུར་ཞེས་བྱའོ། །​དེས་ན་མངོན་པར་ཤེས་པ་རྣམས་ལ་ཡོངས་སུ་ཉམ་པ་མྱེད་པའི་ཆོས་ཅན་དུ་ཡང་འགྱུར་རོ། །​སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདོང་ཞིང་དགེ་བའི་རྩ་བ་གང་གིས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་རིམ་གྲོར་བྱ་བ་དང་། བཀུར་སྟིར་བྱ་བ་དང་། ཕུ་དུད་དུ་བྱ་བ་དང་། མཆོད་པར་བྱ་བར་འདོད་པ་དེ་ལྟ་བུའི་དགེ་བའི་རྩ་བ་དེ་དག་ཀྱང་ཕུན་སུམ་ཚོགས་པར་འགྱུར་རོ། །​སངས་རྒྱས་བཅོམ་ལྡན་འདས་དེ་དག་ལས་ཆོས་གང་ཐོས་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་གྱུར་གྱི་བར་དུ་ནམ་ཡང་རྒྱུན་འཆད་པར་མྱི་འགྱུར་རོ། །​འཁྲུག་པ་མྱེད་པ་དང་། མཉམ་པར་བཞག་པ་མྱེད་པའི་ཚུལ་གྱིས་ཀྱང་རྟག་ཏུ་མཉམ་པར་བཞག་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་མྱི་དམྱིགས་པའི་ཚུལ་གྱིས་ཐོགས་པ་མྱེད་པའི་སྤོབས་པ་དང་། རྒྱུན་འཆད་པ་མྱེད་པའི་སྤོབས་པ་དང་། མཉམ་པར་བཞག་པའི་སྤོབས་པ་དང་། རིགས་པའི་སྤོབས་པ་དང་། འབྲེལ་བའི་སྤོབས་པ་དང་། དོན་དང་ལྡན་པའི་སྤོབས་པ་དང་། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་ཤིང་ཁྱད་ཞུགས་པའི་སྤོབས་པ་དང་ཡང་ལྡན་པར་འགྱུར་རོ་ཕྱི་ནང་སྟོང་པ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་བཟུང་བ་བསྟནད་ཏོ། །​སེམས་དང་པོ་བསྐྱེད་པ་ནས། སེམས་བཅུ་པ་བསྐྱེད་པའི་བར་གྱི་བྱང་ཆུབ་སེམས་དཔའི་ལམ་འདི་ལྟ་སྟེ། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་དང་། ཚུལ་ཁྲིམས་ཀྱི་ཕ་རོལད་ཏུ་ཕྱིནད་པ་དང་། བཟོད་པའི་ཕ་རོལ་ཏུ་ཕྱིནད་པ་དང་། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-96275#UT22084-014-001-96275