སྙན་ཅིང་འཇམ་པའི་ཚིག་དང་ལྡན་པ། ཕ་རོལ་ལ་ཚིགས་སུ་བཅད་པའི་དབྱངས་སུ་བརྗོད་པ་ལ་མཁས་པ། སྤོབས་པ་མྱི་ཆོད་པ། འཁོར་མཐའ་ཡས་པ་ཟིལ་གྱིས་གནོན་པའི་མྱི་འཇིགས་པ་དང་ལྡན་པ། བསྐལ་པ་བྱེ་བ་མཐའ་ཡས་པར་བསྟན་པའི་ཡེ་ཤེས་ཀྱིས་འབྱུང་བ་ལ་མཁས་པ། ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། རྨྱི་ལམ་དང་། སྒྲ་བརྙན་དང་། མྱིག་ཡོར་དང་། ནམ་མཁའ་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་དང་། གཟུགས་བརྙན་ལྟ་བུར་ཁོང་དུ་ཆུད་པ། སེམས་ཡོངས་སུ་ཞུམ་པ་མྱེད་པ། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་དང་། ཤེས་པ་ཕྲ་བ་དང་། སྤྱོད་པ་དང་། མོས་པ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ། སེམས་ཅན་ཐམས་ཅད་ལ་སྡང་བ་མྱེད་པའི་སེམས་དང་ལྡན་པ། བཟོད་པ་རླབས་པོ་ཆེ་དང་ལྡན་པ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཆོས་ཉིད་ཟབ་མོ་དང་ལྡན་པས་གཏིང་དཔག་དཀའ་བ། རང་གི་སེམས་ལ་དབང་རབ་ཏུ་ཐོབ་པ། ཆོས་ཐམས་ཅད་ལ་དབང་ཤིན་ཏུ་ཐོབ་པ། ལས་དང་། ཉོན་མོངས་པ་དང་། ལྟ་བའི་སྒྲིབ་པ་ཐམས་ཅད་ལས་རྣམ་པར་གྲོལ་བ། བརྟེན་པ་རྟོགས་པར་བསྟན་པ་ལ་མཁས་པ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་ཟད་མྱི་ཤེས་པ་ལ་ཞུགས་པ། ལྟ་བ་དང་། བག་ལ་ཉལ་བ་དང་། ཀུན་ནས་ལྡང་བ་ཐམས་ཅད་དང་བྲལ་བ། ཀུན་ཏུ་སྦྱོར་བ་ཐམས་ཅད་སྤངས་པ། ལས་དང་། ཉོན་མོངས་པ་ཐམས་ཅད་རབ་ཏུ་ཞི་བར་བྱ་བ་ལ་མཁས་པ། བདེན་པ་རབ་ཏུ་རྟོགས་པར་བྱ་བའི་ཡེ་ཤེས་ལ་མཁས་པ། ཆོས་ཐམས་ཅད་སྒྲ་བརྙན་དང་འདྲ་བར་རྟག་ཏུ་རྒྱུན་མི་ཆད་པར་མོས་པ། ཆོས་ཀྱི་ཚུལ་བསྟན་པ་ཚད་མྱེད་པ་ལ་འཇིགས་པ་མྱེད་པ། བདག་ཉིད་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་བྱ་བ་ལ་མཁས་པ། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྣམ་པར་དགོད་པའི་སྨོན་ལམ་གྱིས་འགྲོ་བ་ཡོངས་སུ་ཟིན་པ། འཇིག་རྟེན་གྱི་ཁམས་གྲངས་མྱེད་པ་ན་བཞུགས་པའི་སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-5876#UT22084-014-001-5876