རྫོགས་པའི་སངས་རྒྱས་གང་ཇི་སྙེད་ཅིག་བཞུགས་ཤིང་འཚོ་སྐྱོང་བ་དེ་དག་གིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཉིད་ལ་སྤྱོད་དེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། གལ་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བཤད་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནེམ་ནུར་རམ། རྨོངས་པར་མྱི་འགྱུར་ན་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟར་སེམས་ཅན་ཐམས་ཅད་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏང་བའི་ཕྱིར། དེ་མྱི་དམྱིགས་པའི་ཚུལ་གྱིས་རྣམ་པར་སྤྱོད་པ་འདིས། རྣམ་པར་སྤྱོད་པར་ཤེས་པར་བྱའོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བར་ཤེས་པར་བྱའོ། །​སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་རྣམ་པར་སྤྱོད་པ་འདིས་རྣམ་པར་སྤྱོད་ཅིང་འདི་ལྟ་སྟེ། སྙིང་རྗེ་ཆེན་པོ་ཡིད་ལ་བྱ་བའི་ཡིད་ལ་བྱ་བ་དེ་དང་མ་བྲལ་བས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འདོད་ན། ཚེ་དང་ལྡན་པ་རབ་འབྱོར་དེ་ལྟར་ན་ནི། སེམས་ཅན་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔར་འགྱུར་རོ། །​དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་རབ་འབྱོར་སེམས་ཅན་ཐམས་ཅད་ཀྱང་ཡིད་ལ་བྱ་བ་དང་ནི་མ་བྲལ་ལོ། །​རབ་འབྱོར་ཀྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ལེགས་སོ་ལེགས་སོ། །​དྲིའོ་དྲིའོ་སྙམ་པའི་དོན་དེ་ཉིད། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཡང་དག་པའི་ཚིག་བརྗོད་པས་ཡོངས་སུ་བཟུང་ངོ་། །​དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། སེམས་ཅན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་མྱེད་པར་རིག་པར་བྱའོ། །​སེམས་ཅན་དངོས་པོ་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་དངོས་པོ་མྱེད་པར་རིག་པར་བྱའོ། །​སེམས་ཅན་རང་བཞིན་མྱེད་པའི་ཕྱིར། ཡིད་ལ་བྱེད་པ་རང་བཞིན་མྱེད་པར་རིག་པར་བྱའོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10740#UT22084-014-001-10740