སངས་རྒྱས་ཀྱི་བཀའ་བཞིན་དུ་བྱེད་དོ། །​བདག་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ་ཞེས་ཏེ། བརྩོན་འགྲུས་དེ་ཡང་དམྱིགས་པའི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་ཐུན་མོང་དུ་བྱས་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། བདག་གི་བརྩོན་འགྲུས་ཀྱི་འབྲས་བུ་འདིས་སེམས་ཅན་འདི་དག་ཚེ་འདི་ཉིད་ལ་བདེ་བ་དང་། ཉེ་བར་ལེན་པ་མེད་པར་ཡོངས་སུ་མྱ་ངན་ལས་འདས་པར་གྱུར་ཅིག་ཅེས་ཡོངས་སུ་སྔོ་སྟེ། དེ་འདི་ལྟར་བདག་ཏུ་འདུ་ཤེས་པ་དང་། གཞན་དུ་འདུ་ཤེས་པ་དང་། བརྩོན་འགྲུས་སུ་འདུ་ཤེས་པ་དང་། ཆགས་པ་འདི་གསུམ་ལ་ཆགས་ཤིང་བརྩོན་འགྲུས་རྩོམ་མོ། །​འདི་ནི་འཇིག་རྟེན་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་མྱི་གཡོ་མྱི་འཕག་མྱི་འདའ་བས་དེའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །དེ་ལ་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་གང་ཞེ་ན། འདི་ལྟར་འཁོར་གསུམ་ཡོངས་སུ་དག་པ་སྟེ། དེ་ལ་འཁོར་གསུམ་ཡོངས་སུ་དག་པ་གང་ཞེ་ན། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། བརྩོན་འགྲུས་རྩོམ་པའི་ཚེ། བདག་མྱི་དམྱིགས། སེམས་ཅན་མྱི་དམྱིགས། བརྩོན་འགྲུས་མྱི་དམྱིགས། རྣམ་པར་སྨིན་པ་ལ་ཡང་དགའ་བར་མྱི་བྱེད་དེ། བརྩོན་འགྲུས་དེ་ཡང་སེམས་ཅན་ཐམས་ཅད་ལ་གཏོང་ཞིང་། སེམས་ཅན་དེ་དག་ཀྱང་མྱི་དམྱིགས་པར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྔོ་ཞིང་། མཚན་མ་ཆུང་ཟད་ཀྱང་ཡང་དག་པར་རྗེས་སུ་མྱི་མཐོང་བ་འདི་ནི་འཇིག་རྟེན་ལས་འདས་པའི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་སྟེ། དེ་ནི་འདི་ལྟར་འཇིག་རྟེན་ལས་གཡོ་ཞིང་འཕག་ལ་འདའ་བས་དེའི་ཕྱིར་འཇིག་རྟེན་ལས་འདས་པ་ཞེས་བྱའོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་ནི་འཇིག་རྟེན་པ་ཡང་ཡོད། འཇིག་རྟེན་ལས་འདས་པ་ཡང་ཡོད་དེ། དེ་ལ་འཇིག་རྟེན་པའི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10733#UT22084-014-001-10733