ཀྱང་སྐྱེ་བ་མྱེད་ན་ནི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་ཐོབ་ཟིན་པར་འགྱུར་རོ། །​རང་སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱིས་ཀྱང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་ཟིན་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་ཟིན་པར་འགྱུར་རོ། །​འགྲོ་བ་ལྔ་རྣམས་ཀྱང་ཐ་མི་དད་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཀྱང་། བྱང་ཆུབ་རྣམ་པ་ལྔ་ཐོབ་ཟིན་པར་འགྱུར་རོ། །​ཚེ་དང་ལྡན་པ་རབ་འབྱོར་གལ་ཏེ། ཆོས་ཐམས་ཅད་མ་སྐྱེས་པ་ཡིན་ན། ཅིའི་ཕྱིར་ན། རྒྱུན་ཏུ་ཞུགས་པས་ནི། ཀུན་ཏུ་སྦྱོར་བ་གསུམ་སྤང་བའི་ཕྱིར་ལམ་བསྒོམས། ལན་ཅིག་ཕྱིར་འོང་བས་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་བསྲབས་པའི་ཕྱིར་ལམ་བསྒོམས། ཕྱིར་མྱི་འོང་བས་ནི། དམ་པ་མ་ཡིན་པའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་ལྔ་སྤང་བའི་ཕྱིར་ལམ་བསྒོམས། དགྲ་བཅོམ་པས་ནི་བླ་མའི་ཆ་ཅན་གྱི་ཀུན་ཏུ་སྦྱོར་བ་རྣམས་སྤང་བའི་ཕྱིར་ལམ་བསྒོམས། རང་སངས་རྒྱས་ཀྱི་ཐེག་པ་ལ་ཞུགས་པས་ནི། རང་བྱང་ཆུབ་ཀྱི་དོན་དུ་ལམ་བསྒོམས། ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས་ཅན་རྣམས་ཀྱི་དོན་དུ་དེ་ལྟར་སྡུག་བསྔལ་ཉམས་སུ་མྱོང་བར་བྱེད་ཅིང་དཀའ་བའི་སྤྱད་པ་སྤྱོད། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས། ཅིའི་ཕྱིར་ན། དེ་བཞིན་གཤེགས་པས་ནི། ཆོས་ཀྱི་འཁོར་ལོ་བསྐོར། དེ་སྐད་ཅེས་སྨྲས་པ་དང་། །​ཚེ་དང་ལྡན་པ་རབ་འབྱོར་ཀྱིས། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བདག་ནི་ཆོས་མ་སྐྱེས་པ་ལ་འཐོབ་པ་ཡོད་པ་དང་། ཁོང་དུ་ཆུད་པ་ཡོད་པར་མྱི་འདོད་དེ། མ་སྐྱེས་པ་ལ་རྒྱུན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10693#UT22084-014-001-10693