རྣམ་གྲངས་དེས་ན། གང་འདི་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །འདི་ལྟར་ཕྱིར་མི་འོང་བའི་འབྲས་བུ་ཡང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ཕྱིར་མྱི་འོང་བའི་འབྲས་བུ། ཕྱིར་མྱི་འོང་བའི་འབྲས་བུ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ཕྱིར་མྱི་འོང་བའི་འབྲས་བུ་ཞེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་དགྲ་བཅོམ་པ་ཉིད་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་དགྲ་བཅོམ་པ་ཉིད། དགྲ་བཅོམ་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་དགྲ་བཅོམ་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་རང་བྱང་ཆུབ་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་རང་བྱང་ཆུབ། རང་བྱང་ཆུབ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་རང་བྱང་ཆུབ་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་པའོ། །​འདི་ལྟར་ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་གཞན་མ་ཡིན། མ་སྐྱེས་པ་ཡང་གཞན་མ་ཡིན་ཏེ། མ་སྐྱེས་པ་ཉིད་ཀྱང་ལམ་གྱི་རྣམ་པ་ཤེས་པ་ཉིད། ལམ་གྱི་རྣམ་པ་ཤེས་པ་ཉིད་ཀྱང་མ་སྐྱེས་པ་སྟེ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ་རྣམ་གྲངས་དེས་ན། གང་འདི་ལམ་གྱི་རྣམ་པ་ཤེས་པ་ཉིད་ཅེས་བྱ་བ་དེ་ནི་གཉིས་སུ་མྱེད་པའི་གྲངས་སུ་བྱས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10680#UT22084-014-001-10680