བཞིན་དུ། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བ་ཡང་། བྱང་ཆུབ་སེམས་དཔའི་མངོན་པར་གྲུབ་པ་མ་མཆིས་སོ། །​དེ་ལྟར་རང་བཞིན་མ་མཆིས་པའི་ཆོས་རྣམས་ལ། གང་མངོན་པར་གྲུབ་པའི་གཟུགས་ལྟ་ཡང་གང་ཞིག་མཆིས། གང་མངོན་པར་གྲུབ་པའི་ཚོར་བ་ལྟ་ཡང་གང་ཞིག་མཆིས། གང་མངོན་པར་གྲུབ་པའི་འདུ་ཤེས་ལྟ་ཡང་གང་ཞིག་མཆིས། གང་མངོན་པར་གྲུབ་པའི་འདུ་བྱེད་ལྟ་ཡང་གང་ཞིག་མཆིས། གང་མངོན་པར་གྲུབ་པའི་རྣམ་པར་ཤེས་པ་ལྟ་ཡང་གང་ཞིག་མཆིས། བཅོམ་ལྡན་འདས་གང་མངོན་པར་མ་གྲུབ་པ་དེ་ནི། གཟུགས་མ་ལགས། གང་མངོན་པར་མ་གྲུབ་པ་དེ་ནི་ཚོར་བ་མ་ལགས། གང་མངོན་པར་མ་གྲུབ་པ་དེ་ནི་འདུ་ཤེས་མ་ལགས། གང་མངོན་པར་མ་གྲུབ་པ་དེ་ནི་འདུ་བྱེད་མ་ལགས། གང་མངོན་པར་མ་གྲུབ་པ་དེ་ནི། རྣམ་པར་ཤེས་པ་མ་ལགས་ཏེ། བཅོམ་ལྡན་འདས་དེ་ལྟ་ལགས་ལ་མངོན་པར་མ་གྲུབ་པ་ལས་གུད་ན་ཡང་། གང་བྱང་ཆུབ་ཏུ་སྤྱོད་པར་འགྱུར་བའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དམྱིགས་སུ་མ་མཆིས་ན། མངོན་པར་མ་གྲུབ་པ་མངོན་པར་མ་གྲུབ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གདམས་སུ་མཆིས་སམ། གལ་ཏེ་དེ་ལྟར་བསྟན་པའི་ཚེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་མྱི་འཇུམ་ཡོངས་སུ་མྱི་འཇུམ། འགྱོད་པར་མྱི་འགྱུར་ཞིང་ཡིད་མྱི་འཇིགས་མྱི་སྔང་། སྐྲག་པར་མྱི་འགྱུར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་དོ། །​དེ་ནས་ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ། །​ཚེ་དང་ལྡན་པ་རབ་འབྱོར་ཅིའི་ཕྱིར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྔོན་གྱི་མཐར་དམྱིགས་སུ་མྱེད་པ་ཡིན། ཕྱི་མའི་མཐར་དམྱིགས་སུ་མྱེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10123#UT22084-014-001-10123