དེ་ནི་འདི་ལྟར་བདག་གང་ཡིན་པ་དང་། སེམས་ཅན་གང་ཡིན་པ་དང་། སྲོག་གང་ཡིན་པ་དང་། འགྲོ་བ་གང་ཡིན་པ་དང་། གསོ་བ་གང་ཡིན་པ་དང་། སྐྱེས་བུ་གང་ཡིན་པ་དང་། གང་ཟག་གང་ཡིན་པ་དང་། ཤེད་ཅན་གང་ཡིན་པ་དང་། ཤེད་བདག་གང་ཡིན་པ་དང་། བྱེད་པ་པོ་གང་ཡིན་པ་དང་། ཚོར་བ་པོ་གང་ཡིན་པ་དང་། ཤེས་པ་པོ་གང་ཡིན་པ་དང་། མཐོང་བ་པོ་གང་ཡིན་པ་དང་། བསམ་གྱིས་མྱི་ཁྱབ་པའི་དབྱིངས་གང་ཡིན་པ་དང་། ཉན་ཐོས་ཀྱི་ཐེག་པ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། སངས་རྒྱས་ཀྱི་ཐེག་པ་གང་ཡིན་པ་དང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་གང་ཡིན་པ་དང་། ནམ་མཁའ་གང་ཡིན་པ་དང་། ཐེག་པ་ཆེན་པོ་གང་ཡིན་པ་དང་། མྱི་འཇལ་བ་གང་ཡིན་པ་དང་། མྱི་འགྲངས་པ་གང་ཡིན་པ་དང་། མྱི་དཔོགས་པ་གང་ཡིན་པ་དང་། ཆོས་ཐམས་ཅད་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་དམྱིགས་སུ་མྱེད་པའི་ཕྱིར་རོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། མྱ་ངན་ལས་འདས་པའི་དབྱིངས་ནི་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །​དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །​རབ་འབྱོར་ནམ་མཁའ་ནི་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །​དེ་བཞིན་དུ་ཐེག་པ་ཆེན་པོ་དེ་ཡང་སེམས་ཅན་ཚད་མྱེད་གྲངས་མྱེད་དཔག་ཏུ་མྱེད་པའི་གོ་འབྱེད་དོ། །​རབ་འབྱོར་གང་ཡང་ཁྱོད་ཀྱིས་འདི་སྐད་དུ་ཐེག་པ་ཆེན་པོ་དེ་ལ་འོང་བའམ་འགྲོ་བ་ཞེས་བྱ་བ་ཡང་མྱེད། གནས་པ་ཞེས་བྱ་བ་ཡང་མྱེད་དོ་ཞེས་སྨྲས་པ་ནི། རབ་འབྱོར་དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། ཐེག་པ་ཆེན་པོ་དེ་ལ་འགྲོ་བའམ་འོང་བ་མྱེད་དེ། གནས་པ་ཡང་མྱེད་དོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་ཆོས་ཐམས་ཅད་ནི་གཡོ་བ་མྱེད་པ་སྟེ། དེ་དག་གང་ནས་ཀྱང་འོང་བ་མྱེད་དོ། །​གང་དུ་ཡང་འགྲོ་བ་མྱེད་དོ། །​གར་ཡང་གནས་པར་འགྱུར་བ་མྱེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-10040#UT22084-014-001-10040