དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་སྣང་བས་རྒྱས་པར་འགེངས་པར་མྱི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་དངོས་པོ་མྱེད་དེ། དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་དག་འོད་ཀྱིས་རྒྱས་པར་འགེངས་པར་མཛད་དོ། །​རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་ཡང་མྱི་མཛད་དེ། རབ་འབྱོར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པ་དངོས་པོ་མྱེད་ལ། དངོས་པོ་མ་ཡིན་པས། དེའི་ཕྱིར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གངྒའི་ཀླུང་གི་བྱེ་མ་སྙེད་གསུང་གིས་མངོན་པར་གོ་བར་མཛད་དོ། །​རབ་འབྱོར་གལ་ཏེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དངོས་པོ་ཡོད་པ་ཞིག་ཡིན་ཏེ། དངོས་པོ་མྱེད་པ་མ་ཡིན་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཆོས་ཀྱི་འཁོར་ལོ་དགེ་སྦྱོང་ངམ། བྲམ་ཟེའམ། ལྷ་འམ་བདུད་དམ། ཚངས་པའམ།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9999#UT22084-014-001-9999