འཁོར་ཕུན་སུམ་ཚོགས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྐྱེས་མ་ཐག་ཏུ་འཇིག་རྟེན་གྱི་ཁམས་སྣང་བས་རྒྱས་པར་བཀང་སྟེ། དེ་དག་རྣམ་པ་དྲུག་ཏུ་གཡོ་བར་བྱེད་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚེ་ཕུན་སུམ་ཚོགས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་འབྱུང་བའི་ཕྱིར། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་དང་། ལྷན་ཅིག་ཏུ་མངོན་པར་འབྱུང་ཞིང་སེམས་ཅན་དེ་དག་ཀྱང་ཐེག་པ་གསུམ་ལ་ངེས་པར་འགྱུར་བ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མངོན་པར་འབྱུང་བ་ཕུན་སུམ་ཚོགས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྩ་བ་གསེར་གྱི་རྒྱུ་ལས་བྱུང་བ་ཡིན། ལྷུན་བཻཌཱུ་རླར་འདུག་པ་ཡིན། ཡལ་ག་རིན་པོ་ཅེ་བདུན་གྱི་རང་བཞིན་ལས་གྲུབ་པ་ཡིན། མེ་ཏོག་དང་། ལོ་མ་རིན་པོ་ཅེ་ཐམས་ཅད་ལས་གྱུར་པ་ཡིན། ཤིང་དེའི་དྲི་ཞིམ་པོ་དང་། འོད་བཟང་པོས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྒྱས་པར་གང་བ་ཡིན་ཏེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་བྱང་ཆུབ་ཀྱི་ཤིང་གི་རྒྱན་ཕུན་སུམ་ཚོགས་པའོ། །​དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པ་གང་ཞེ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སེམས་ཅན་ཡོངས་སུ་སྨིན་པར་བྱ་བ་རྣམ་པར་དག་པ་དང་། སངས་རྒྱས་ཀྱི་ཞིང་རྣམ་པར་དག་པ་སྟེ། འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པ་ཕུན་སུམ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9873#UT22084-014-001-9873