སྨོན་པ་མྱེད་པ་རྣམ་པར་ཐར་པའི་སྒོ་སྟེ། འདི་ནི་སྨོན་པ་མྱེད་པའི་ཏིང་ངེ་འཛིན་ཅེས་བྱ་སྟེ། རྣམ་པར་ཐར་པའི་སྒོ་དེ་དག་ལ་ཞུམ་པ་མྱེད་པར་དྲན་པར་བྱ་སྟེ། རབ་འབྱོར་འདི་ཡང་དེ་མྱི་དམྱིགས་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོའོ། །​རབ་འབྱོར་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཐེག་པ་ཆེན་པོ་ནི་འདི་ལྟར་ཡེ་ཤེས་བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་བ་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མྱི་སྐྱེ་བ་ཤེས་པ་དང་། ཆོས་ཤེས་པ་དང་། རྗེས་སུ་རྟོགས་པ་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། འདྲིས་པ་ཤེས་པ་དང་། སྒྲ་ཇི་བཞིན་ཤེས་པའོ། །​དེ་ལ་སྡུག་བསྔལ་ཤེས་པ་གང་ཞེ་ན། སྡུག་བསྔལ་མྱི་སྐྱེ་བར་ཤེས་པའོ། །​དེ་ལ་ཀུན་འབྱུང་བ་ཤེས་པ་གང་ཞེ་ན། ཀུན་འབྱུང་བ་སྤང་བར་ཤེས་པའོ། །​དེ་ལ་འགོག་པ་ཤེས་པ་གང་ཞེ་ན། སྡུག་བསྔལ་འགོག་པར་ཤེས་པའོ། །​དེ་ལ་ལམ་ཤེས་པ་གང་ཞེ་ན། འཕགས་པའི་ལམ་ཡན་ལག་བརྒྱད་པ་ཤེས་པའོ། །​དེ་ལ་ཟད་པ་ཤེས་པ་གང་ཞེ་ན། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་ཟད་པར་ཤེས་པའོ། །​དེ་ལ་མྱི་སྐྱེ་བ་ཤེས་པ་གང་ཞེ་ན། སྲིད་པའི་རྒྱུད་སྐྱེ་བ་མྱེད་པར་ཤེས་པའོ། །​དེ་ལ་ཆོས་ཤེས་པ་གང་ཞེ་ན། ཕུང་པོ་ལྔ་སྒྱུ་མར་ཡོངས་སུ་རྟོགས་ཤིང་ཤེས་པའོ། །​དེ་ལ་རྗེས་སུ་རྟོགས་པའི་ཤེས་པ་གང་ཞེ་ན། མྱིག་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རྣ་བ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྣ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལྕེ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ལུས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་ཡིད་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། གཟུགས་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། སྒྲ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། དྲི་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རོ་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། རེག་མྱི་རྟག་ཅེས་བྱ་བར་ཤེས་པ་དང་། ཆོས་མྱི་རྟག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-9831#UT22084-014-001-9831