རྗེ་ཆེན་པོས་སྟོང་ངོ་། །​སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ཀྱིས་སྟོང་ངོ་། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཡང་བྱང་ཆུབ་སེམས་དཔས་སྟོང་ངོ་། །​གོ་ཆ་ཆེན་པོ་ཡང་གོ་ཆ་ཆེན་པོས་སྟོང་སྟེ། བཅོམ་ལྡན་འདས་རྣམ་གྲངས་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གོ་ཆ་མ་མཆིས་པའི་གོ་ཆ་བགོས་པར་རིག་པར་བགྱིའོ། །​བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་ཇི་སྐད་དུ་སྨྲས་པ་བཞིན་ཏེ། དེ་དེ་བཞིན་ནོ། །​དེ་དེ་བཞིན་ཏེ། དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་དེ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱང་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས་མངོན་པར་མ་བྱས་སོ། །​གསོལ་པ་བཅོམ་ལྡན་འདས་ཅིའི་སླད་དུ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བགྱིས། རྣམ་པར་མ་བགྱིས་མངོན་པར་མ་བགྱིས་པ་ལགས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། གང་གི་དོན་ཏུ་གོ་ཆ་བགོས་པའི་སེམས་ཅན་དེ་དག་ཀྱང་། ཅིའི་སླད་དུ་མ་བགྱིས། རྣམ་པར་མ་བགྱིས་མངོན་པར་མ་བགྱིས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་བྱེད་པ་པོ་དམྱིགས་སུ་མྱེད་པའི་ཕྱིར། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །​བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་གང་གི་དོན་དུ་གོ་ཆ་ཆེན་པོ་བགོས་པའི་སེམས་ཅན་དེ་དག་ཀྱང་མ་བྱས། རྣམ་པར་མ་བྱས། མངོན་པར་མ་བྱས་སོ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་འདི་ལྟར་གཟུགས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །​ཚོར་བ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །​འདུ་ཤེས་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །​འདུ་བྱེད་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །​རྣམ་པར་ཤེས་པ་མྱི་བྱེད། རྣམ་པར་མྱི་བྱེད། མངོན་པར་མྱི་བྱེད་དོ། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7736#UT22084-014-001-7736