དང་། སྟོང་ཞེས་བྱ་བ་དང་། མཚན་མ་མྱེད་ཅེས་བྱ་བ་དང་། སྨོན་པ་མྱེད་ཅེས་བྱ་བ་དང་། མངོན་པར་འདུ་བྱ་བ་མྱེད་ཅེས་བྱ་བ་དང་། དབེན་ཞེས་བྱ་བར་དམྱིགས་པའི་ཚུལ་གྱིས་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་ཀྱི་རྣམ་པ་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​དེ་ལྟར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སྡིག་པའི་གྲོགས་པོ་རྣམས་རིགས་པར་བྱ་སྟེ། དེ་ལྟར་ཤེས་ནས་ཀྱང་ཡོངས་སུ་སྤང་བར་བྱའོ། །​ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། ལེའུ་བདུན་ནོ།​། །​།ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། བམ་པོ་གསུམ་པ། །​དེ་ནས་ཚེ་དང་ལྡན་པ་རབ་འབྱོར་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །​བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཞེས་བགྱི་བའི་ཚིག་འདིའི་དོན་གང་ལགས། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་སྩལ་ཏོ ། །​རབ་འབྱོར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ཀྱང་མ་སྐྱེས་ལ། སེམས་ཅན་ཡང་མ་སྐྱེས་པའི་ཕྱིར་ཏེ། རབ་འབྱོར་བྱང་ཆུབ་ལ་ཡང་ཚིག་མྱེད། སེམས་ཅན་ལ་ཡང་ཚིག་མྱེད་པས། དེའི་ཕྱིར་བྱང་ཆུབ་སེམས་དཔའི་ཚིག་གི་དོན་ནི། ཚིག་གི་དོན་མྱེད་པའོ ། །​དེ་ཅིའི་ཕྱིར་ཞེ་ན། རབ་འབྱོར་བྱང་ཆུབ་ལ་ནི་སྐྱེ་བའམ། ཡོད་པ་ཉིད་དམ། ཡོད་པ་ཉེ་བར་མྱི་དམྱིགས་སོ ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། ནམ་མཁའ་ལ་བྱའི་རྗེས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། རྨྱི་ལམ་ལ་གནས་མེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྒྱུ་མ་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་ལྟ་སྟེ་དཔེར་ན། སྨྱིག་རྒྱུ་ལ་གནས་མྱེད་དོ། །​རབ་འབྱོར་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཚིག་གི་དོན་མྱེད་དོ། །​རབ་འབྱོར་འདི་སྟེ་དཔེར་ན། ཆུ་ཟླ་ལ་གནས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7504#UT22084-014-001-7504