ཕྱིན་ཏེ། འདི་སྐད་དུ་རིགས་ཀྱི་བུ། ཤར་ཕྱོགས་ནི་སངས་རྒྱས་བཅོམ་ལྡན་འདས་དང་། །​བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་སྟོང་སྟེ། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་མྱེད་དོ། །​བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མྱེད་དོ། །​ཉན་ཐོས་ཞེས་བྱ་བ་ཡང་མྱེད་དོ། །​དེ་བཞིན་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། བྱང་ཤར་དང་། ཤར་ལྷོ་དང་། ལྷོ་ནུབ་དང་། ནུབ་བྱང་དང་། འོག་དང་། སྟེང་དག་ཀྱང་སྟོང་སྟེ། ཕྱོགས་བཅུ་ཀུན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་རྣམས་ཀྱིས་སྟོང་པས། འདི་ལ་སངས་རྒྱས་ཞེས་བྱ་བ་ཡང་མྱེད། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཡང་མྱེད། ཉན་ཐོས་ཞེས་བྱ་བ་ཡང་མྱེད་དོ། །​ཞེས་ཟེར་བ་འདི་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་ཉན་ཐོས་ཀྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་ཅིང་། ཉན་ཐོས་དང་། རང་སངས་རྒྱས་དང་ལྡན་པའི་ཡིད་ལ་བྱ་བས་འདེམས་ཤིང་རྗེས་སུ་སྟོན་པ་དེ་ལྟ་བུའི་བདུད་ཀྱི་ལས་དག་མྱི་སྨྲ་མྱི་སྟོན་པ་འདི་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྡིག་པའི་གྲོགས་པོར་རིག་པར་བྱའོ། །​རབ་འབྱོར་གཞན་ཡང་བདུད་སྡིག་ཏོ་ཅན་དག་མཁན་པོ་དང་། སློབ་དཔོན་གྱི་ཆ་བྱད་དུ་བྱས་ཤིང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དྲུང་དུ་ཕྱིན་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལས་ཟློག་ཅིང་། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལྡན་པའི་ཡིད་ལ་བྱ་བ་ལས་ཟློག་སྟེ། དྲན་པ་ཉེ་བར་གཞག་པ་རྣམས་ལ་སྦྱོར་བ་དང་། ཡང་དག་པར་སྤོང་བ་རྣམས་ལ་སྦྱོར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྣམས་ལ་སྦྱོར་བ་དང་། དབང་པོ་རྣམས་ལ་སྦྱོར་བ་དང་། སྟོབས་རྣམས་ལ་སྦྱོར་བ་དང་། བྱང་ཆུབ་ཀྱི་ཡན་ལག་རྣམས་ལ་སྦྱོར་བ་དང་། འཕགས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-7485#UT22084-014-001-7485