གཤེགས་ཤིང་དེ་དག་ཏུ་བྱོན་ནས་འདི་ལྟ་སྟེ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པའི་ཆོས་བསྟན་པ་འདི་ཉིད་ཀྱི་ཆོས་སྟོན་ཏོ། །​སེམས་ཅན་གང་གིས་ཆོས་དེ་དག་ཐོས་པར་གྱུར་པ་དེ་དག་ཐམས་ཅད་ཀྱང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་གདན་སེང་གེའི་ཁྲི་དེ་ལ་བཞུགས་བཞིན་དུ། སངས་རྒྱས་ཀྱི་ཏིང་ངེ་འཛིན་སེང་གེ་རྣམ་པར་རོལ་པ་ཞེས་བྱ་བ་ལ་མཉམ་པར་བཞག་སྟེ། རྫུ་འཕྲུལ་མངོན་པར་འདུ་མཛད་དོ། །​རྫུ་འཕྲུལ་དེ་མངོན་པར་འདུ་མཛད་པས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམ་པ་དྲུག་ཏུ་གཡོས་ཏེ། གཡོས་སོ། རབ་ཏུ་གཡོས་སོ། ཀུན་ཏུ་གཡོས་སོ། །​འགུལ་ཏོ། རབ་ཏུ་འགུལ་ཏོ། ཀུན་ཏུ་འགུལ་ཏོ། །​ལྡེག་གོ །​རབ་ཏུ་ལྡེག་གོ །​ཀུན་ཏུ་ལྡེག་གོ །​ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་ཆེམ་ཆེམ་མོ། །​འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་འུར་འུར་རོ། །​ཤིག་ཤིག །​རབ་ཏུ་ཤིག་ཤིག །​ཀུན་ཏུ་ཤིག་ཤིག་གོ །​མཐའ་མཐོ་ན་ནི་དབུས་དམའ། དབུས་མཐོ་ན་ནི་མཐའ་དམའ་སྟེ། དལ་བུས་བགས་ཀྱིས་ཉམས་སུ་བདེ་བར་སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་སྐྱེད་པར་གྱུར་ཏོ། དེ་ནས་དེའི་ཚེའི་སྐད་ཅིག་ཡུད་ཙམ་ཐང་ཅིག་ལ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སེམས་ཅན་དམྱལ་བ་དང་། བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དང་། མི་ཁོམ་པ་དང་། ངན་སོང་དང་། ངན་འགྲོ་དང་། ལོག་པར་ལྷུང་བ་གང་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་རྒྱུན་ཆད་པར་གྱུར་ཏེ། །​སེམས་ཅན་དེ་དག་ཐམས་ཅད་ཀྱང་མི་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །​རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང་། སུམ་ཅུ་རྩ་གསུམ་དང་། མཚོ་མ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དང་སྐལ་བ་མཉམ་པར་སྐྱེས་པར་གྱུར་ཏོ། །​དེ་ནས་ལྷ་དེ་དག་དང་། མི་དེ་དག་དགའ་བ་དང་། མོས་པ་དང་། ཉམས་བདེ་བ་དེ་ཉིད་ཀྱིས་སྔོན་གྱི་ཚེ་རབས་རྗེས་སུ་དྲན་པར་གྱུར་ཏེ། རྗེས་སུ་དྲན་ནས་ཀྱང་དགའ་བ་དང་།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-5884#UT22084-014-001-5884