པོ་ལས་ཡོངས་སུ་མི་འགྲོལ་བར་བརྗོད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ནི་ཉན་ཐོས་ཀྱི་སའམ། རང་སངས་རྒྱས་ཀྱི་ས་ཡང་མངོན་དུ་བྱ་བའི་སྐལ་བ་མེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བ་ལྟ་ཅི་སྨོས་ཏེ། དེ་ནི་གནས་མེད་དོ། །​ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་དེ་ལྟར་སྤྱོད་ན། ཐབས་མི་མཁས་པར་ཤེས་པར་བྱའོ། །སྨྲས་པ་ཚེ་དང་ལྡན་པ་རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཇི་ལྟར་སྤྱོད་ན། ཐབས་མཁས་པར་ཤེས་པར་བྱའོ། །​རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤ་ར་དྭ་ཏིའི་བུ། ནམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་ཚེ། གཟུགས་ལ་མི་སྤྱོད་དེ། གཟུགས་ཀྱི་མཚན་མ་ལ་མི་སྤྱོད་ཅིང་། གཟུགས་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་མི་རྟག་ཅེས་བྱ་བར་མི་སྤྱོད། གཟུགས་བདེ་ཞེས་བྱ་བར་མི་སྤྱོད། གཟུགས་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད། གཟུགས་བདག་ཅེས་བྱ་བར་མི་སྤྱོད། གཟུགས་བདག་མེད་ཅེས་བྱ་བར་མི་སྤྱོད། གཟུགས་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་མ་ཞི་ཞེས་བྱ་བར་མི་སྤྱོད། གཟུགས་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མི་སྟོང་ཞེས་བྱ་བར་མི་སྤྱོད། གཟུགས་མཚན་མ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་མཚན་མ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་ཡོད་ཅེས་བྱ་བར་མི་སྤྱོད། གཟུགས་སྨོན་པ་མེད་ཅེས་བྱ་བར་མི་སྤྱོད། གཟུགས་དབེན་ཞེས་བྱ་བར་མི་སྤྱོད། གཟུགས་མི་དབེན་ཞེས་བྱ་བར་མི་སྤྱོད་པ་དང་། །​ཚོར་བ་ལ་མི་སྤྱོད་དེ། ཚོར་བའི་མཚན་མ་ལ་མི་སྤྱོད་ཅིང་། ཚོར་བ་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་མི་རྟག་ཅེས་བྱ་བར་མི་སྤྱོད། ཚོར་བ་བདེ་ཞེས་བྱ་བར་མི་སྤྱོད། ཚོར་བ་སྡུག་བསྔལ་ཞེས་བྱ་བར་མི་སྤྱོད།


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh8/UT22084-014-001-6926#UT22084-014-001-6926