གྱི་ཁམས་སྤོས་ཀྱི་འོད་དེའི་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་དེས་ཀྱང་འཇིག་རྟེན་གྱི་ཁམས་འདི་ཁྱབ་པར་བྱས་སོ། །​དེ་ནས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་མཽད་གལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །​བཙུན་པ་མཽད་གལ་གྱི་བུ་ཆེན་པོ་མཁས་པ་སུ་ཞིག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཆོ་འཕྲུལ་དང་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་རྨད་དུ་བྱུང་བ་འདི་ལྟ་བུ་དག་མཐོང་ངམ་ཐོས་ན་ཉན་ཐོས་དམན་པ། ཞན་པ། ཞུམ་པ། ཉི་ཚེ་བའི་ཤེས་པ་དང་ལྡན་པ་རྣམས་ལ་ལྡང་བའམ། སྩུར་འགྲོ་བ་འམ། ཕྱག་འཚལ་བར་བྱེད། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་དེ་ཇི་ཙམ་དུ་ཐག་རིང་བ་ཤེས་སམ། མཽད་གལ་གྱི་བུས་སྨྲས་པ། བུ་མོ་དེ་ནི་མི་ཤེས་སོ། །​བུ་མོས་སྨྲས་པ། བཙུན་པ་མཽད་གལ་གྱི་བུ་ཆེན་པོ་གལ་ཏེ་ཁྱོད་འདྲ་བའི་རྫུ་འཕྲུལ་ཅན་ཤ་སྟག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་དཔེར་ན་བུ་རམ་ཤིང་གི་ཚལ་ལམ། འོད་མའི་ཚལ་ལམ། འདམ་བུའི་ཚལ་ལམ། འབྲས་སཱ་ལུའི་ཞིང་བཞིན་དུ་མཚམས་མེད་པར་གང་བར་གྱུར་ནས་དེ་དག་ཐམས་ཅད་ཀྱིས་བསྐལ་པར་རྩིས་ཀྱང་འཇིག་རྟེན་གྱི་ཁམས་སྤོས་ཀྱི་འོད་ཅེས་བྱ་བ་དེ་སངས་རྒྱས་ཀྱི་ཞིང་ཇི་སྙེད་ཅིག་འདས་པའི་ཕ་རོལ་ན་འདུག་པ་བགྲང་བའི་ཐབས་ཀྱིས་རྟོགས་པར་མི་ནུས་སོ། །​དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྤོས་རབ་ཏུ་འགྱེད་པའི་འོད་ཟེར་གྱིས་འོད་དེ་དག་མི་སྣང་བར་མཛད་དེ། སངས་རྒྱས་ཀྱི་ཞིང་དེ་ཡང་མི་སྣང་བར་མཛད་དོ། །​དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་བུ་མོ་མྱ་ངན་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ། །​བུ་མོ་ཁྱོད་ཀྱིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་སྔོན་མཐོང་ངམ། བུ་མོས་སྨྲས་པ། བཙུན་པ་འོད་སྲུང་ཆེན་པོ་དེ་བཞིན་གཤེགས་པ་མཐོང་བར་ནུས་སམ། དེ་བཞིན་གཤེགས་པས། གང་དག་ང་ལ་གཟུགས་སུ་མཐོང་། །​གང་དག་ང་ལ་སྒྲར་ཤེས་པ། །​ལོག་པས་སྤོང་བར་ཞུགས་པ་སྟེ། །​སྐྱེ་བོ་དེ་དག་ང་མི་མཐོང་། །


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh76/UT22084-043-013-470#UT22084-043-013-470