ཀྱི་ལུས་ལ་ཞུགས་སོ། །​ཞུགས་པ་ཙམ་གྱིས་འབྱུང་པོ་དང་འབྱུང་མོ་རྣམས་ལངས་ཏེ་ཆེར་འཇིགས་ཤིང་རབ་ཏུ་འདར་བར་གྱུར་པས་བཅོམ་ལྡན་འདས་བསྐྱབ་ཏུ་གསོལ། བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཀྱི་བཀའ་བཞིན་བགྱིད་དོ་ཞེས་སྨྲས་སོ། །​དེ་ནས་འབྱུང་པོའི་བདག་པོ་གཞན་གྱིས་མི་ཐུབ་པ་འཁོར་གྱི་དཀྱིལ་འཁོར་དེར་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་སྤྱི་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཁྲོ་བོའི་བདག་པོ་ཆེན་པོ་དཔལ་སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ་བདེ་བར་གཤེགས་པ་བསྐྱབ་ཏུ་གསོལ། བཅོམ་ལྡན་འདས་ཡོངས་སུ་བསྐྱབ་ཏུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྱུང་པོའི་བདག་པོ་གླིང་བཞི་པ་ཐམས་ཅད་ཀྱི་མི་རྣམས་ལ་དངོས་གྲུབ་རྫོགས་པར་བྱིན་ཅིག །​འཛམ་བུའི་གླིང་པའི་མི་རྣམས་ལ་དངུལ་ཆུ་དང་བཅུད་ཀྱིས་ལེན་པའི་རྫས་རྣམས་སྒྲུབ་ཅིང་བདེ་བར་བྱིན་ཅིག །​དབྱིག་དང་། གསེར་དང་། དངུལ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། པདྨ་རཱ་ག་དང་། མེ་དང་ཆུའི་ཤེལ་དང་། སྤོས་དང་ལྷའི་ན་བཟའ་རྣམས་བྱིན་ཅིག །​འདི་ཟློས་པའི་འབྲས་བུ་འགྲུབ་པར་གྱིས་ཤིག །​བསྙེན་བཀུར་གྱིས་ཤིག །​དེ་བཞིན་གཤེགས་པ་ཐམས་ཅད་ཟློས་པའི་རིན་པོ་ཆེའི་ཅོད་པན་དང་། གོས་དང་། དྲི་དང་། བདུག་པ་དང་། མེ་ཏོག་ལ་སོགས་པ་དང་། ཡོ་བྱད་དང་། རྫས་ཐམས་ཅད་བགེགས་མེད་པར་བྱིན་ཅིག །​རྒྱལ་པོའི་འཇིགས་པ་དང་། དགྲའི་འཇིགས་པ་དང་། སེང་གེའི་འཇིགས་པ་དང་། སྟག་གི་འཇིགས་པ་ཐམས་ཅད་ཟློག་ཅིག །​ཀྱེ་ཀྱེ་གཞན་གྱིས་མི་ཐུབ་པ་འབྱུང་པོའི་དབང་ཕྱུག་ཆེན་པོ་མྱུར་དུ་མྱུར་དུ་ཉོན་ཅིག་ཉོན་ཅིག །​ལེ་ལོ་ཅན་དང་། ཚུལ་ཁྲིམས་འཆལ་བ་དང་། སྡིག་པ་བྱེད་པ་དང་། བརྫུན་སྨྲ་བ་རྣམས་ལ་ངེས་པར་དངོས་གྲུབ་བྱིན་ཅིག །གལ་ཏེ་རིག་སྔགས་འཆང་ལ་དངོས་གྲུབ་མི་སྦྱིན་ན་ཀླུ་མོ་དང་། གནོད་སྦྱིན་མོ་དང་། ས་ལ་འཇོམས་མ་དང་། ལྷ་མ་ཡིན་མོ་དང་། མིའམ་ཅི་མོ་དང་། ནམ་མཁའ་ལྡིང་མོ་དང་། ལྟོ་འཕྱེ་ཆེན་མོ་དང་། ཤ་ཟ་མོ་དང་། འབྱུང་མོ་དང་། དྲི་ཟ་མོ་རྣམས་ཀྱི་སྤྱི་བོ་མི་ཕྱེད་པའི་རྡོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh747/UT22084-095-002-2054#UT22084-095-002-2054