༄༅། །​རྒྱ་གར་སྐད་དུ། ཨཱརྱ་མ་ཧཱ་ལཀྵྨི་ཎཱི་སཱུ་ཏྲ། བོད་སྐད་དུ། འཕགས་པ་དཔལ་ཆེན་མོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །​འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བཞུགས་སོ། །​དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་བསྐོར་བ་ལན་གསུམ་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོ་ལ་གཟིགས་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །​དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་འདི་དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་མ་ཡིན་པ་གཞན་ཡང་རུང་སྟེ། གང་གིས་ཤེས་པ་དང་། གང་ལ་ལ་འཆང་བ་དང་། ཀློག་པ་དང་། འདྲི་བ་དང་། འདྲིར་འཇུག་པ་དེ་ནི་དབུལ་བ་བོར་ཏེ་ཕྱུག་པོར་འགྱུར་རོ། །​དེ་ནས་འབྱུང་པོའི་ཚོགས་ཐམས་ཅད་ཀྱིས་དེ་ལྟར་གྱུར་ཅིག་ཅེས་ཀུན་ནས་གསོལ་ཏོ། །​དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ཆེན་མོའི་མཚན་བཅུ་གཉིས་པོ་བཀའ་སྩལ་པ་འདི་ལྟ་སྟེ། དཔལ་ལྡན་མ། བཀྲ་ཤིས་མ། པདྨའི་ཕྲེང་བ་ཅན། ནོར་གྱི་བདག་མོ། དཀར་མོ། གྲགས་པ་ཆེན་མོ། པདྨའི་སྤྱན། འོད་ཆེན་མོ། བྱེད་པ་མོ། ཟས་སྦྱིན་མ། རིན་པོ་ཆེ་རབ་ཏུ་སྦྱིན་མ། དཔལ་ཆེན་མོ། སྱཱད་ཡ་ཐེ་དཾ། ཛི་ནི། གྷྲི་ནི། སརྦ་ཨཪྠ་སཱ་དྷ་ནི། ཤ་ཤི་ནི། ཨ་ལཀྵྨི་ནི། མེ་ནཱ་ཤ་ཡ། སིདྡྷྱ་ནྟུ་མེ་མནྟྲ་པ་དཱཿསྭཱ་ཧཱ། ཨ་བྷྲྀ་ཀུ་ཊཱི་པ་ར་མ་སུ་བྷ་གེ་སྭཱ་ཧཱ། ལན་གསུམ་དུ་བརྗོད་པར་བྱ་སྟེ། གང་ལ་ལ་དུས་གསུམ་དུ་འདོན་པ་དེའི་མི་མཐུན་པའི་ཕྱོགས་ཐམས་ཅད་འཇིག་པར་འགྱུར་རོ། །​སྐལ་བ་བཟང་པོ་དང་ལྡན་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh740/UT22084-094-017-113#UT22084-094-017-113