སྡོང་པོ་དང་། མེ་ཏོག་གི་ཤིང་དང་། འབྲས་བུའི་ཤིང་དང་། སྣ་ཚོགས་པའི་ལྕུག་མ་དང་། རྩྭ་དང་། ཤིང་གེལ་བ་དང་། སྨན་དང་། ཆུ་ཀླུང་དང་། མཚོ་བྲན་དང་། ལྟེང་ཀ་དང་། རྫིང་བུ་དང་། འབབ་ཆུ་མཛེས་པའི་སྟེང་དུ་གཏོར་བར་བྱ་སྟེ། དེ་རྣམས་ཐམས་ཅད་ལ་བདུད་རྩི་བླུག་པར་འགྱུར་རོ། །​དེ་རྣམས་ཐམས་ཅད་ལ་ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུར་འགྱུར་རོ། །​ཐ་ན་ལྷའི་རྩྭ་དང་། ཤིང་གེལ་བ་དང་། སྨན་དང་ནགས་ཀྱི་བདག་པོར་འགྱུར་རོ། །​གང་ལ་རེག་པ་ཙམ་གྱིས་རེག་པ་དེ་ཐམས་ཅད་སེར་སྣའི་དྲི་མ་དང་བྲལ་ཞིང་། ཕྲག་དོག་སྤངས་པར་འགྱུར་རོ། །​མཁྲིས་པ་དང་། བད་ཀན་དང་། མཆིལ་མ་དང་བྲལ་ཞིང་། ལུས་ཀྱི་ཕྱི་དང་ནང་གི་དྲི་མི་ཞིམ་པ་ཐམས་ཅད་ཡོངས་སུ་དག་པར་འགྱུར་རོ། །​གང་ཡང་ལུས་ཀྱི་ནང་གི་ནད་དང་། གནོད་པ་སྣ་ཚོགས་པ་དེ་ཐམས་ཅད་ཡོངས་སུ་གྲོལ་བར་འགྱུར་ཞིང་། རྣམ་པར་དག་པ་དང་། རྣམ་པར་ཉམས་པ་དང་། ལེགས་པར་ཡོངས་སུ་དག་པ་དང་། དྲི་མ་མེད་པར་འགྱུར་རོ་ཞེས་སོ། །​དེ་ལ་ཆུས་ཁྲུས་བྱས་པ་གང་ཡིན་པ་དེ་རྣམས་ཀྱང་ལྷའི་ཆུ་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཆུས་ཁྲུས་བྱས་པར་འགྱུར་རོ། །​སྡིག་པ་དང་སྒྲིབ་པའི་དྲི་མ་ཐམས་ཅད་བཀྲུས་པར་འགྱུར་རོ། །ཡན་ལག་བརྒྱད་དང་ལྡན་པའི་ཆུས་བཀྲུས་པར་འགྱུར་རོ། །​དེས་སོ་ཤིང་ཟོས་པ་གང་ཡིན་པ་དེ་རྣམས་ཀྱང་སངས་རྒྱས་ཀྱི་ཡེ་ཤེས་རྗེས་སུ་དྲན་པ་ཆེན་པོ་འཕེལ་བར་འགྱུར་རོ། །​མྱ་ངན་ཐམས་ཅད་དང་བྲལ་བར་འགྱུར་ཞིང་ཞགས་པ་ཐམས་ཅད་ཡོངས་སུ་སྤངས་པ་དང་། རྟག་ཏུ་ཁ་ནས་ཨུཏྤ་ལའི་དྲི་བྲོ་བར་འགྱུར་རོ། །​ངག་འཇམ་ཞིང་སྙན་པར་ཡང་འགྱུར་ཞིང་ངག་མཉེན་པར་ཡང་འགྱུར་རོ། །​དགའ་བའི་གཏམ་བྱེད་པར་འགྱུར་ཞིང་། སྐྱེ་བོ་ཐམས་ཅད་ཡིད་དགའ་བར་ཡང་འགྱུར་རོ། །​མིའམ་ཅིའི་དབྱངས་སུ་ཡང་འགྱུར་རོ། །​བསྟན་བཅོས་དང་། ཆོ་ག་ཞིབ་མོ་དང་། གསང་སྔགས་དང་། ཐེག་པ་ཆེན་པོ་ཐམས་ཅད་ཐོས་པ་ཙམ་གྱིས་ཀུན་ཏུ་འཛིན་པར་བྱེད་ཅིང་ཁ་ཏོན་དུ་ཡང་གནས་པར་བྱེད་དོ། །​མེ་ཏོག་དེ་ལ་མནམས་པ་དང་། ཕྲེང་བ་མགུལ་པར་འཆིང་བར་བྱེད་པ་གང་ཡིན་པ་དེ་རྣམས་ཀྱང་བྱང་ཆུབ་ཡན་ལག་གི་མེ་ཏོག་གི་ཕྲེང་བ་བཅིངས་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6773#UT22084-092-001-6773