སྡིག་པ་དམྱལ་བའི་ཚོར་བ་མྱོང་བར་འགྱུར་བ་ཟད་ཅིང་མཐར་ཐུག་པར་འགྱུར་རོ། །​གང་དག་གི་ལུས་ལ་བདུགས་པ་ཙམ་དང་མཐོང་བ་ཙམ་གྱི་མོད་ལ་ཐམས་ཅད་དབང་དུ་འགྱུར་རོ། །​ཡུལ་འཁོར་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་རྒྱལ་པོའི་བཙུན་མོའི་འཁོར་དང་བཅས་པ་དང་། བློན་པོ་དང་། བློན་པོ་ཆེན་པོ་དང་། བཀྲབས་པ་དང་། བྲམ་ཟེ་མདུན་ན་འདོན་དང་བཅས་པ་དབང་དུ་འགྱུར་ཞིང་ཐམས་ཅད་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་པར་འགྱུར་རོ། །​རིགས་བཞིའི་འཇིག་རྟེན་དབང་དུ་འགྱུར་རོ། །​ཚེས་བཅུ་བཞི་དང་བཅྭ་ལྔ་དང་ཚེས་བརྒྱད་ལ་ཁྲུས་ལེགས་པར་བྱ་སྟེ། གོས་གཙང་མ་བགོས་ལ་བ་ལས་བྱུང་བ་ལྔས་བྱུགས་པས་ཁྱིམ་གྱི་ཕུགས་སུ་དཀྱིལ་འཁོར་བྱས་ལ། མེ་ཏོག་དང་མཆོད་ཡོན་གྱི་སྣོད་གཞག་པར་བྱ། གཏོར་མ་དཀར་པོ་ཉེ་བར་གཞག་པར་བྱ། དེ་བཞིན་གཤེགས་པ་ཐམས་ཅད་ལ་དམིགས་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དམིགས་ཏེ། ཕྱོགས་བཞིར་ཕྱག་བྱས་ལ་བདུག་པའི་རྒྱལ་པོ་འདིས་བདུག་པར་བྱས་ན། བདུགས་པ་ཙམ་གྱི་མོད་ལ་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སངས་རྒྱས་ཀྱི་ཞིང་རྣམས་ཀྱི་རྡུལ་ཕྲ་མོ་སྙེད་ཀྱི་དེ་བཞིན་གཤེགས་པས་ཡོངས་སུ་གང་བ་ལ་འདི་ལྟ་སྟེ། སངས་རྒྱས་ཀྱི་ཞིང་རེ་རེར་དེ་བཞིན་གཤེགས་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་བརྒྱ་ལ་བདུག་པའི་སྤྲིན་འཁྲིགས་པ་ལྷའི་སྤོས་ཀྱིས་བསྒོས་པ་མི་མཉམ་པ་དང་མཉམ་པའི་བདུག་སྤོས་ཆེན་པོ་ཙནྡན་སྦྲུལ་གྱི་སྙིང་པོ་དང་། གོར་ཤིརྵ་དང་། ཏ་མ་ལའི་ལོ་མ་དང་། བདུག་སྤོས་མང་པོ་ནམ་མཁའི་ངོས་ཁེབས་པས་མཆོད་པར་འགྱུར་རོ། །​བྱང་ཆུབ་སེམས་དཔའི་འཁོར་རྣམས་དང་སུམ་ཅུ་རྩ་གསུམ་ན་གནས་པའི་ལྷ་བརྒྱ་བྱིན་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་འོག་མིན་གྱི་གནས་ན་གནས་པའི་ལྷའི་བར་དུ་ཐམས་ཅད་བདུག་པའི་དྲིས་རབ་ཏུ་དགའ་བར་འགྱུར་རོ། །​རྒྱུ་སྐར་དང་། སྐར་མའི་ཚོགས་དང་། ཉི་མ་དང་ཟླ་བ་ཐམས་ཅད་དགའ་བར་འགྱུར་ཏེ། འདི་ལ་ཐེ་ཚོམ་མི་བྱ་ཞིང་ཡིད་གཉིས་བསྐྱེད་པར་མི་བྱའོ། །​སྐད་ཆེན་པོས་དོན་ཡོད་པའི་ཞགས་པའི་སྙིང་པོ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6669#UT22084-092-001-6669