འཆང་ཐམས་ཅད་ཀྱིས་འཁོར་ལོས་སྒྱུར་བའི་གཙོ་བོ་གཅིག་པུར་འགྱུར། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྲས་སུ་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྲས་གཅིག་པུར་འགྱུར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་བུའི་གཙོ་བོ་གཅིག་པུར་འགྱུར་རྒྱལ་པོ་ཆེན་པོ་བཞིའི་བུ་གཅིག་པུར་འགྱུར། ཐམས་ཅད་དུ་སྟོབས་དང་། ཕ་རོལ་གནོན་པ་དང་། བརྩོན་འགྲུས་ཐོགས་པ་མེད་པ་དང་ལྡན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་དང་དཀྱིལ་འཁོར་རིམ་པ་ཕྱེ་བ་རིག་སྔགས་ཀྱི་རྒྱལ་པོ་གསང་བའི་གཟུངས་ཀྱི་རྒྱལ་པོ་ཆོ་ག་ཞིབ་མོ་ཟབ་པ་དག་མངོན་སུམ་དུ་འགྱུར། ལྷ་ཐམས་ཅད་ཀྱི་གནས་དང་། ཀླུ་ཐམས་ཅད་ཀྱི་གནས་དང་། མི་འམ་ཅི་ཐམས་ཅད་ཀྱི་གནས་དང་། ཕུག་དང་ཁུང་གི་གནས་ཐམས་ཅད་སྒོ་འབྱེ་བར་འགྱུར། གནོད་སྦྱིན་དང་སྲིན་པོའི་གནས་ཐམས་ཅད་སྒོ་འབྱེ་བར་འགྱུར་རོ། ཐམས་ཅད་དབང་དུ་འགྱུར་ཞིང་བགྱི་བ་ཅི་མཆིས་ཞེས་བྱ་བ་བྱེད་ཅིང་འདུག་པར་འགྱུར། འཇིག་རྟེན་ཐམས་ཅད་ཀྱི་སྟོན་པ་བླ་མ་གཅིག་པུ་འཇིག་རྟེན་མགོན་པོ་དང་འདྲ་བར་མཆོད་པའི་གནས་སུ་འགྱུར། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གསང་སྔགས་དང་དཀྱིལ་འཁོར་ཐམས་ཅད་གྲུབ་པ་ཆེན་པོར་འགྱུར། དཔལ་ལྷ་མོ་ཆེན་མོ་འཁོར་དང་བཅས་པ་ལ་སྦྱིན་སྲེག་བྱས་ན་རིག་སྔགས་འཆང་དེ་ལ་བུ་བཞིན་དུ་བྱམས་པས་རང་ཉིད་བསྙེན་བཀུར་ཡོངས་སུ་སྤྱད་བས་ཡོངས་སུ་སྤྱོད་དོ། །འདོད་པ་ཐམས་ཅད་དང་ཡིད་དུ་འོང་བ་ཐམས་ཅད་ཀྱི་དགོས་པ་བྱེད་པར་འགྱུར་རོ། །​ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། ནོར་བུ་དང་། མུ་ཏིག་དང་། བཻ་ཌཱུརྱ་དང་། ཤང་ཁ་ཤི་ལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། ལྷའི་ནོར་བུ་ཆེན་པོ་རིན་པོ་ཆེའི་བར་ཐམས་ཅད་སྦྱིན་པར་བྱེད་དོ། །​ཡུལ་ཀ་ཤི་ཀའི་གོས་བཟང་པོ་མང་པོ་སྦྱིན་པར་བྱེད་ཅིང་ལྷའི་བཟའ་བ་དང་། བཏུང་བའི་བར་དང་བདུད་རྩིའི་རོའི་བར་དུ་སྦྱིན་པར་བྱེད་དོ། །​གནས་ཐམས་ཅད་དུ་སོང་བ་ན་ཡང་རྟག་ཏུ་རྒྱུན་མི་འཆད་པར་བུ་ལ་བྱམས་པའི་ཚུལ་གྱིས་རྟག་ཏུ་ཕྱི་བཞིན་འབྲང་ཞིང་འགྲོ་བར་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6653#UT22084-092-001-6653