རིག་སྔགས་འཆང་གིས་རང་གི་སྟན་ལ་ཆབ་དང་། ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བགྱིས་ནས་གཏོར་ཏེ། རིག་སྔགས་འགྲུབ་པའི་པདྨའི་སྟན་གསང་བའི་གསང་སྔགས་སོ། །​ཨོཾ་མ་ཧཱ་ཀཱ་རུ་ཎི་ཀ་པདྨ་ཨ་མོ་གྷ་པཱ་ཤ་དྲྀ་ཌྷ་བཛྲ་ཨ་དྷི་ཥྛི་ཏེ་བྷུ་རུ་བྷུ་རུ་བྷན་དྷ་རེ་སྭཱ་ཧཱ། དཀྱིལ་འཁོར་མཐའ་དག་ན་ཁྱིམ་དང་། ནགས་ཚལ་དང་། ཀུན་དགའ་ར་བ་དང་། གཙུག་ལག་ཁང་དང་། བསྟི་གནས་དང་། འཆགས་དང་། ཕུག་དང་། དགོན་པ་དང་། གནས་བསང་བའི་ཕྱིར་དྲི་ཆབ་དང་། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་གཏོར་བར་བགྱིས་ཏེ། གནས་སུ་གཏོགས་པ་ཐམས་ཅད་བསང་བ་ཆེན་པོ་བགྱིས་པར་འགྱུར་རོ། །​ཉེས་པར་བགྱིད་པ་དང་། བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་ཐམས་ཅད་འབྲོས་པར་འགྱུར་ཏེ། གནས་བསང་བའི་གསང་སྔགས་སོ། །​ཨོཾ་པདྨ་ཨ་མོ་གྷ་པཱ་ཤེ་ན་ས་མནྟཱ་ད་ཤ་སུ་དིཀྵུ་སི་མཱ་བ་ན་དྷ་ཡ། ཏུ་རུ་ཏུ་རུ་ཧཱུྃ། ལྕགས་ཀྱི་ཕུར་བུ་སོར་བརྒྱད་པའི་ཚད་ལྔ་ལ། ཚོན་སྣ་ལྔའི་སྐུད་པས་དཀྲིས་ཏེ། ལན་སྟོང་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་ཕྱོགས་བཞིར་གཟུགས་པར་བགྱིའོ། །​ལྔ་པ་ནི་དབུས་ཀྱི་གཞིར་གཟུགས་པར་བགྱི་སྟེ། རྒྱང་གྲགས་བདུན་འཁོར་བར་མཚམས་བཅིང་བ་བགྱིས་པར་འགྱུར་རོ། །​ཇི་སྲིད་དུ་ཕུར་བུ་མ་ཕྱུང་བ་དེ་སྲིད་དུ་མཚམས་ཆེན་པོ་བཅིང་བ་བགྱིས་པར་འགྱུར་རོ། །​ཨོཾ་ཨ་མོ་གྷ་མཎྜ་ལ་བནྡྷཱ་ཡ་ས་མནྟེ་ན། པདྨ་མ་ཧཱ་བདྨེ་དྷུ་རུ་དྷུ་རུ་སྭཱ་ཧཱ། དཀྱིལ་འཁོར་བཅིང་བ་སྟེ། དྲི་ཆབ་དང་། ཡུངས་ཀར་ལ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བགྱིས་ནས་དཀྱིལ་འཁོར་མཐའ་དག་དང་། དེ་བཞིན་དུ་འོག་དང་སྟེང་དུ་ཡང་གཏོར་ཏེ། དཀྱིལ་འཁོར་ཆེན་པོ་བཅིང་བར་བགྱིས་པར་འགྱུར་ཏེ། བགེགས་དང་། ལོག་འདྲེན་དང་། གནོད་སྦྱིན་དང་། སྲིན་པོ་དང་། འབྱུང་པོ་དང་། ཤ་ཟ་མཆི་བར་འོས་པ་ཐམས་ཅད་ཀྱིས་མཆི་བར་མི་འགྱུར་རོ། །​སེམས་ཅན་གདུག་པ་དང་། ལྷ་འམ། ཀླུ་གདུག་པ་གང་སུ་ཡང་རུང་བ་དེ་དག་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6465#UT22084-092-001-6465