བཟླས་ལ་དཔལ་ལྷ་མོ་ཆེན་མོ་ལ་བསྣུན་པར་བྱས་ཏེ། སྟོང་རྩ་བརྒྱད་ཚང་བ་དང་། དཔལ་ལྷ་མོ་ཆེན་མོ་འབར་བར་འགྱུར་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དཔྲལ་བ་ནས་འོད་ཟེར་འབྱུང་བར་འགྱུར་རོ། །​དཀྱིལ་འཁོར་གྱི་ཡོ་བྱད་གང་ཡིན་པ་ཐམས་ཅད་གསེར་དུ་སྣང་བར་འགྱུར་རོ། །​དཔལ་ལྷ་མོ་ཆེན་མོ་བཀུག་པར་འགྱུར་ཞིང་ཇི་སྲིད་འཚོའི་བར་དུ་འདའ་བར་མི་འགྱུར་རོ། །​ལྷའི་དཔལ་རྗེས་སུ་སྤྱོད་པར་འདོད་ན་ཉིན་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་དཔལ་ལྷ་མོ་ཆེན་མོ་ལ་དུས་གསུམ་དུ་མཆོད་པ་བྱ་ཞིང་མཆོད་ཡོན་གྱི་སྣོད་ཀྱང་གཞག་པར་བྱ། དཀོན་མཆོག་གསུམ་མཆོད་པར་བྱ་སྦྱིན་པར་བྱ། ལོངས་སྤྱད་པར་བྱ། བསོད་ནམས་ཀྱང་བྱ་ཞིང་དཔལ་ལྷ་མོ་ཆེན་མོ་ལ་དུས་གསུམ་དུ་མཆོད་པར་བྱའོ། །​དཔལ་ལྷ་མོ་ཆེན་མོ་རང་གི་གཟུགས་ཀྱིས་གནས་པར་འདོད་པས་དོན་ཡོད་པའི་རྒྱལ་པོ་ཁྲོ་བོའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་པར་བྱ་ཞིང་ཙནྡན་གྱི་རིལ་བུ་སྟོང་རྩ་བརྒྱད་ཀྱིས་ལུས་བདུག་པར་བྱ། ཡུངས་ཀར་སྟོང་རྩ་བརྒྱད་ཀྱིས་བསྣུན་པར་བྱ་སྟེ། ཡུངས་ཀར་སྟོང་རྩ་བརྒྱད་ཚང་བ་དང་། དཔལ་ལྷ་མོ་ཆེན་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ལྷའི་ནོར་བུ་དང་གསེར་དང་མུ་ཏིག་གི་རྒྱན་གྱིས་བརྒྱན་པའི་ལུས་སྣང་ལ་ཞལ་པདྨ་ཁ་ཕྱེ་བ་ལྟ་བུ་སྤྱན་ཨུཏྤལ་སྔོན་པོ་ལྟར་གསལ་བ་པདྨ་བསྣམས་པ་གདན་པདྨ་ནོར་བུ་དང་། རིན་པོ་ཆེ་དང་། གསེར་མང་པོའི་པདྨའི་ཆར་འབེབས་པ་རིན་པོ་ཆེ་འབར་བའི་བུམ་པ་སྟོང་ཕྲག་བརྒྱ་ཐོགས་པ་ལྷའི་བུ་མོ་དང་གནོད་སྦྱིན་གྱི་བུ་མོ་བརྒྱ་སྟོང་མང་པོ་ཐམས་ཅད་ལྷའི་རྒྱན་གྱིས་བརྒྱན་པས་ལུས་གསལ་ཞིང་འབར་ལ་མཛེས་པ་མང་པོས་ཡོངས་སུ་བསྐོར་བ་མདུན་དུ་འཁོད་པར་འགྱུར་ཏེ། རིག་སྔགས་འཆང་གི་འཇིགས་པར་མི་བྱ་ཞིང་སེམས་དགའ་བར་བྱས་ལ་གསང་སྔགས་འདི་ལན་བདུན་བཟླས་པར་བྱའོ། །​ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བྷོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། མ་ཧཱ་ཨ་མོ་གྷ་བ་ར་དཱ་ཡ། ཏདྱ་ཐཱ། ཨོཾ་པདྨི་ནི་པདྨ་ནེ་ཏྲ་པདྨཱཾ་གེ །​པདྨ་དྷ་རེ་པདྨ་བྷ་ཏེ། པདྨ་པྲི་ཡེ་པདྨ་གཽ་རཱི་པདྨཱ་པྲ་བྷེ་པདྨཱ་ས་ན་པྲ་ཏིཥྛི་ཏེ། ཨ་བ་ལོ་ཀི་ཏ་པྲི་ཡེ་བ་ར་དེ་བ་ར་དཱ་ཡི་ནི་པྲ་སི་ཏ་པྲ་སཱ་དྷ་ཡ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6651#UT22084-092-001-6651