སངས་རྒྱས་བྱེ་བ་སྟོང་ཕྲག་དྲུག་ཅུའི་དྲུང་དུ་དགེ་བའི་རྩ་བ་བསྐྱེད་པར་འགྱུར་ཐམས་ཅད་ཀྱིས་མིང་བཟུང་བ་བྱས་པར་འགྱུར། དེ་བཞིན་གཤེགས་པ་སྟོང་མཉེས་པར་བྱས་པར་འགྱུར། དེ་བཞིན་གཤེགས་པ་སྟོང་ཕྲག་དྲུག་ཅུ་རྩ་བཞི་མངོན་སུམ་དུ་མཐོང་བ་ཐོབ་པར་འགྱུར། འཇིག་རྟེན་པའི་དོན་ཐམས་ཅད་འགྲུབ་པར་འགྱུར། སྔོན་གྱི་སྒྲིབ་པས་མནར་མེད་པའི་གནས་སུ་འགྲོ་བ་ཡོངས་སུ་དག་པར་འགྱུར། ནམ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར། ཚེ་རབས་ཚེ་རབས་སུ་སྐྱེ་བ་དྲན་པར་འགྱུར། ལྷ་ཐམས་ཅད་ཀྱང་མཆོག་སྦྱིན་པར་འགྱུར་ཞིང་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦ་བར་བྱེད་པར་འགྱུར་རོ། །​ཕྱག་གཡོན་པ་མནན་ཏེ་ལན་སྟོང་རྩ་བརྒྱད་བཟླས་བརྗོད་བྱས་ན་བཟླས་པ་ཙམ་གྱི་མོད་ལ་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་བཀུག་པར་འགྱུར་ཞིང་ཐམས་ཅད་དབང་དུ་འགྱུར་ཏེ་གནས་སོ། །​གང་གི་ཚེ་དགོས་པ་བྱུང་བ་དེའི་ཚེ་དོན་ཡོད་པར་གྲུབ་པའི་རིག་སྔགས་ཀྱི་རྒྱལ་པོ་ལན་བདུན་བཟླས་པ་བྱས་ན་ལྷ་དང་ཀླུ་ལ་སོགས་པ་ཐམས་ཅད་ཀྱང་ལས་ཐམས་ཅད་བྱེད་ཅིང་རྟག་ཏུ་རྒྱུན་མི་འཆད་པར་ཕྱི་བཞིན་འབྲང་བར་འགྱུར་རོ། །​ལྟེ་བའི་གནས་སུ་མནན་ཏེ་ཀླུ་ལ་སོགས་པ་ཐམས་ཅད་ཆར་གྱི་རྒྱུན་འབེབས་པར་འགྱུར་རོ། །​འཛམ་བུའི་གླིང་མཐའ་དག་ཚིམ་པར་བྱེད་པར་འགྱུར་རོ་སྙམ་དུ་ལན་བརྒྱ་རྩ་བརྒྱད་བཟླས་ན་གང་དང་གང་དུ་སོང་བ་དེར་སྐྱེས་པའམ། བུད་མེད་དམ། རྒྱལ་པོའམ། རྒྱལ་མོའམ། དགེ་སྦྱོང་ངམ། བྲམ་ཟེའམ། དགེ་བསྙེན་ནམ། དགེ་བསྙེན་མ་ལ་གང་བསམས་པ་དང་གང་བཅོལ་བ་དང་། སྨྲས་པའི་ལས་དེ་ཐམས་ཅད་བསྒྲུབ་པར་འགྱུར་རོ། །​དབུ་ནས་བཟུང་སྟེ་བཟླས་ནས་ཚངས་པའི་འཇིག་རྟེན་གྱི་བར་དུ་དབང་དུ་བྱས་པར་འགྱུར་ཏེ། ཐམས་ཅད་ལ་དབང་བསྒྱུར་ཞིང་བསྒོ་བ་བཞིན་བྱེད་པར་འགྱུར་རོ། །​ཐོག་མར་བཟླས་བརྗོད་སྟོང་རྩ་བརྒྱད་བྱས་ནས་བཟླས་པར་བྱའོ། །​ཞབས་གཉིས་མནན་ཏེ་སྟོང་ཕྲག་བཅུ་བཟླས་པ་བྱས་ན་སའི་འོག་ཡན་ཆད་དབང་དུ་བྱས་པར་འགྱུར་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་ཏེ། མངག་གཞུག་ཐམས་ཅད་བྱེད་པར་འགྱུར་རོ། །​པདྨ་ལ་སྟོང་རྩ་བརྒྱད་བཟླས་ནས་པདྨའི་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6649#UT22084-092-001-6649