པོ་སྟོན་པར་འགྱུར། ཟླ་བ་དང་ཉི་མ་སྟོན་པར་འགྱུར་རོ། །​ལྡོང་རོས་དང་། གི་ཝཾ་དང་། སཽ་བི་རཱ་ཀ་དང་། གུར་གུམ་དང་། ཀྲ་ཀུ་དྷ་ལ་དོན་ཡོད་པར་གྲུབ་པ་ཁྲི་བཟླས་དོན་ཡོད་པའི་ཞགས་པའི་སྙིང་པོ་སྟོང་རྩ་བརྒྱད་བཟླས་ཁྲོ་བོའི་རྒྱལ་པོ་བརྒྱ་རྩ་བརྒྱད་བཟླས་པ་བྱས་ཏེ། ཐམས་ཅད་དུ་མི་སྨྲ་བར་བྱ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་བཏགས་ལ། རས་ཀྱི་སྐུ་གཟུགས་ལ་མངོན་དུ་ཕྱོགས་ཏེ། གཙང་མས་གོས་གཙང་མ་བགོས་ལ་ཚེས་བཅྭ་ལྔ་ཉ་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ནས་ཕྱེ་མ་ཞིབ་ཏུ་བཏགས་ཏེ། ཡང་དོན་ཡོད་པའི་ཞགས་པའི་སྙིང་པོ་དང་། ཁྲོ་བོའི་རྒྱལ་པོ་དང་། དོན་ཡོད་པའི་གྲུབ་པའི་རིག་སྔགས་ཀྱི་རྒྱལ་པོ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་ཏུ་བཞག་སྟེ། མཆོད་པ་ཆེན་པོ་བྱས་ནས་རས་ཀྱི་སྐུ་གཟུགས་ལ་མཆོད་པ་བྱས་ལ་ཉིན་ཞག་གཅིག་སྨྱུང་བ་བྱས་ཏེ། རས་ཀྱི་སྐུ་གཟུགས་ཀྱི་སྤྱན་སྔར་སྐྱིལ་མོ་ཀྲུང་དུ་འདུག་པ་ལ་དོན་ཡོད་པའི་ཞགས་པའི་ཕྱག་རྒྱ་ལན་ཉི་ཤུ་རྩ་གཅིག་བྱ། དོན་ཡོད་པའི་ཞགས་པའི་སྙིང་པོ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱ་སྟེ། བཟླས་བརྗོད་ཀྱི་ཕྱག་རྒྱ་བྱས་ལ་ཁྲོ་བོའི་གསང་སྔགས་ལན་བདུན་བཟླས་ཏེ། དེའི་འོག་ཏུ་མིག་ལ་བསྐུས་ནས་དོན་ཡོད་པར་གྲུབ་པའི་གཟུངས་བཟླས་པར་བྱས་ན། བསྐུས་པ་ཙམ་གྱིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རི་བོ་པོ་ཊ་ལ་དང་བཅས་གཞལ་མེད་ཁང་དང་བཅས་བྱང་ཆུབ་སེམས་དཔའི་ཚོགས་གཞལ་མེད་ཁང་དང་བཅས་པའི་རི་བོ་པོ་ཊ་ལ་ན་གནས་པ་མཐོང་བར་འགྱུར་རོ། །​བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁ་མས་མཐོང་བར་འགྱུར་ཞིང་དེ་བཞིན་གཤེགས་པ་འོད་དཔག་མེད་ཆོས་འཆད་པ་མཐོང་བར་འགྱུར། ཆོས་བཤད་པ་དེ་ཡང་ཐོས་པར་འགྱུར་རོ། །​ཕྱོགས་བཅུའི་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་སངས་རྒྱས་ཀྱི་ཞིང་གཞལ་མེད་ཁང་དང་བཅས་པ་མཐོང་བར་འགྱུར་ཞིང་ཆོས་འཆད་པའི་གསུང་གི་སྒྲ་དེ་ཡང་ཐོས་པར་འགྱུར་རོ། །​འདི་ལྟར་རིགས་ངན་གྱི་རིགས་སུ་སྐྱེས་པ་དང་། མནར་མེད་པ་ལ་གཞོལ་བ་དང་། མཚམས་མེད་པ་


The English translation of this folio by 84000 Translating the words of the Buddha can be found at:
https://read.84000.co/translation/toh686/UT22084-092-001-6647#UT22084-092-001-6647